བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་སྐོར་ལ་དགོངས་པ་བཞེས་དགོས།

ཟླ་འདིའི་ཚེས་༡༥ ཉིན་ནས་རྒྱ་གར་ལྷོ་ཕྱོགས་ཅེན་ནེའི་གྲོང་ཁྱེར་དུ་འཚོགས་པའི་བོད་པའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྙན་པར་བརྒྱུད་ནས། གསུང་བཤད་མདོར་བསྡུས་གནང་ཡོད་པ་དང། དེའི་ནང་ཁོང་གིས་གསུང་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་སློབ་མ་ཚོར་དམིགས་བསལ་གྱིས་རེ་བ་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་བོད་མི་རིགས་དེ་མདུན་ལམ་ག་འདྲ་ཞིག་གི་ཐོག་ལ་འགྲོ་དང་མི་འགྲོ་དེ་ཁྱེད་རང་ཚོ་ལ་རག་ལུས་པ་དང། ལྷག་པར་དུ་བཙན་འོག་ཏུ་ཡོད་པའི་བོད་མི་ན་གཞོན་ཚོར་སློབ་སྦྱོང་གི་གོ་སྐབས་ཡོད་པ་མ་རེད་ལ། རང་དབང་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་གྱི་བོད་ཕྲུག་ན་གཞོན་ཚོར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རིགས་ཀྱི་མདུན་ལམ་ག་འདྲ་ཞིག་བསྒྲུབ་མིན་གྱི་ལས་འགན་དེ་འཁྲི་བསྡད་ཡོད་པ་རེད། བཙན་བྱོལ་ལ་ཡོད་པའི་བོད་ཕྲུག་ཚོར་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། སློབ་སྦྱོང་གི་གོ་སྐབས་ཧ་ཅང་ཡག་པོ་རག་ཡོད་པ་རེད་ལ། ཁྱེད་རང་ཚོས་མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་སོ་སོ་རང་གི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་དང། རང་ཁ་རང་གསོ་ཐུབ་པའི་ཐོག་བོད་མི་རིགས་ཀྱི་རྩ་དོན་ཆེད། ཆོས་དང་འཇིག་རྟེན། རིག་གཞུང། ལེགས་བྱང་གང་གི་ཐོག་ཡིན་ནའང་ཕྱག་ལས་གནང་ཐུབ་པ་དང། ལྷག་པར་དུ་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་སྐོར་ལ་མུ་མཐུད་ནས་ཕྱག་ལས་གནང་རྒྱུར་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་ལ། ཁྱེད་རང་ཚོས་དགོངས་པ་བཞེས་ཀྱིའང་ཡོད་པ་རེད།  མཐོ་རིམ་སློབ་མ་ཚོ་རྒྱུན་དུ་ཕན་ཚུན་འབྲེལ་བ་ཡོད་པ་དང། ཚོགས་ཆེན་འདི་འདྲ་དུས་ནས་དུས་སུ་འཚོག་ཐུབ་པ་བྱུང་ན། གོང་བུའི་ནུས་པ་དང། མཉམ་རུབ་ཀྱི་ནུས་པ་ཡག་པོ་ཡོང་རྒྱུའི་དགེ་མཚན་དང། རེ་བ་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོས་ཚོགས་འདུ་མུ་མཐུད་ནས་འཚོག་ཐུབ་པ་དེ་ཧ་ཅང་ཡག་པོ་རེད། མ་འོངས་པར་ཡང་དེ་འདྲ་འཚོག་ཐུབ་པ་དང། དེའི་ཐོག་ཕན་ཚུན་གོ་བསྡུར་ཡག་པོ་བྱུང་ན་ཡག་པོ་རེད། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་གཞི་ཁག་ཧ་ཅང་ཡག་པོ་བྱུང་འདུག དེའི་ཐོག་བཀའ་བསྡུར་ཡག་པོ་ཡོང་རྒྱུ་དང། དེས་བོད་རིགས་ན་གཞོན་ཚང་མར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།།