མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད།

ངོ་ཤེས་ཚད་ཀུན་ལ་མི་ཟེར་བ་འདི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་སྐད་ཆ་མང་བོ་ཞིག་དྲིས་ན་ཡང་། ཁོང་ཚོས་ཀྱང་བསམ་ཕྱོགས་ནི་དངོས་ནས་མི་གཅིག་པ་དེ་ནི་མི་སུམ་བཅུ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ར་ཁ་དྲུག་བཅུའི་དཔེ་ལས་མ་འདས་ཀྱང་། མང་ཤོས་ཤིག་གིས་མི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་བསམ་བློ་ཞིབ་མོ་ཞིག་གཏན་ནས་གཏོང་མྱོང་མེད་ཟེར་མཁན་ཡང་འདུག

ངས་སྐད་ཆ་དེ་དག་གོ་དུས་སུ། ངས་རང་གིས་རང་ལ་རང་གི་དྲན་པ་ནི་འདྲེ་རེད། ཚོར་བ་ནི་དུག་རེད་ཟེར་ནས་བཤད་པ་ཡིན་ཡང་། དྲན་པས་གཏན་ནས་དེ་འདྲ་མིན་ལུགས་དང་། ཚོར་བས་ཀྱང་གང་ནས་ཡིན་ཟེར་བ་ལས། རྒྱུ་མཚན་དང་གནས་ལུགས་ཡང་དག་ཞིག་གཏན་ནས་ང་ལ་སྤྲོད་ཀྱི་མི་འདུག

ཉིན་མ་རེ་རེ་བཞིན་ངས་ལས་གསེང་གི་དུས་ཚོད་དང་། དགོང་མོའི་གཉིད་ཡུན་གྱི་དུས་ཚོད་མི་ཉུང་བ་ཞིག་དྲ་ཐོག་དུ་བེད་སྤྱད་དེ། རང་གི་རིགས་སུ་སྐྱེ་བའི་བོད་ཡིག་དང་བོད་སྐད་ལ་དོན་སྣང་ཆེ་བའི་དྲ་ཐོག་གི་སྤུན་ཟླ་དག་ལ་རང་གི་བསམ་ཚུལ་ཕྲན་པུ་རེ་ཡི་ཟུར་ངོས་སྟོན་གང་ཐུབ་བྱོས་ཀྱང་། དྲ་ངོས་ཀྱིས་སྤུན་ཟླ་དག་གིས་ཀྱང་སྐབས་རེར་ཁ་ཡག་རེ་དང་། སྐབས་རེར་ངོ་འཚང་རེ་འདྲི་བ། ལན་རེ་ཁྲེལ་རྒོད་བྱེད་པ། དུས་རེར་སྙིང་རྗེ་ཟེར་བ། མཚམས་རེར་སེམས་གསོ་གཏོང་བ་ལས། མི་མ་ཤི་གོང་དུ་གང་དུ་ལས་ཀ་གང་ཡོད་མེད་ཐད་དུ་སུས་ཀྱང་ལན་དོན་མཐུན་དང་རྒྱུ་མཚན་ཚད་མ་ཞིག་རང་གིས་རང་ལ་དྲིས་པ་ལྟར་ལན་མི་འདུག

དེ་ལྟར་ཡིན་ཡང་། རང་གི་སེམས་ནས་མ་ཤི་བར་དུ་ཤུ་རེ་བྱེད་དགོས། མ་ཤི་གོང་དུ་ལག་རྗེས་ཕྲན་པུ་ཞིག་འཇོག་ཐུབ་ངེས་ཡིན། ལག་རྗེས་དེས་རང་གི་འཚོ་གནས་ལ་རིན་གོང་ཞིག་མི་སྤྲོད་ཀྱང་། རང་གི་སྙན་གྲགས་དང་གོ་གནས་ལ་འགྱུར་བ་ཞིག་འགྲོ་འདོད་སོགས་མིན་པས། རང་གི་ངོ་གདོང་ཡོད་པའི་འདྲ་དཔར་ཞིག་གཏན་ནས་ང་རང་ནི་འདི་ཡིན་ཟེར་ནས་བརྫིག་ཉམས་ཤིག་སྟོན་འདོད་སོགས་མེད་པར། གང་དྲན་དང་གང་ཤེས་པ་ནས་ག་ལེར་ཡར་རྒྱས་སུ་སོང་ཤུལ་གྱི་ལམ་ཕྲན་ཆུང་ཆུང་ཞིག་བྱུང་བ་ཡིན་ན། དེ་ཡང་མི་མ་ཤི་གོང་དུ་བྱས་པའི་ལས་ཀ་ལྟ་བུར་བསམ་ནས་ཉིན་མཚན་གང་ཡོད་ལ། དུས་ཚོད་མང་བོ་ཞིག་དྲ་ཐོག་ནས་གཏོང་ཁུལ་བྱེད་ཀྱི་ཡོད་པ་དེ་ཡིན།

འོན་ཀྱང་། མཐར་ཐུག་གི་ལན་ནི། མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད་ཟེར་བའི་ལན་དེ་ནི་ད་དུང་ཡང་། ངས་དྲན་པའི་ནང་དུ་ནག་འཐོམ་མེར་འདུག