བྱེད་མི་རུང་བ་བཞི་ཞེས་པ་ཞིག་བཤད་ཡོང་གི་འདུག
ཕྱི་ཟླ་༢ ཚེས་༢ ཉིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང། སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་ཀྱི་གནས་ཚུལ་ག་འདྲ་བྱུང་མིན་སྐོར་གངས་སྐྱིད་གསོལ་ཐབ་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། དེའི་སྐོར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུང་དོན། ད་ལོའི་གྲོས་མོལ་སྐབས་སུ་རྒྱ་ནག་གིས་བྱེད་མི་རུང་བ་བཞི་ཞེས་པ་ཞིག་བཤད་ཡོང་གི་འདུག གཙོ་བོ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་བྱེད་མི་རུང། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་བྱེད་མི་རུང། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཟེར་བ་སོགས། ཧོབ་སྟེ་བལྟས་ན་དཀའ་ངལ་ཡོད་པ་འདྲ་པོ་མི་འདུག གང་ཡིན་ཟེར་ན། མང་ཆེ་བ་ལ་༸རྒྱལ་བ་རིན་པོ་ཆེས་གསལ་པོ་བཀའ་གནང་གི་ཡོད་རེད། ང་ཚོས་ཁ་བྲལ་གྱི་ལས་ཀ་བྱེད་ཀྱི་མེད། རང་བཙན་གྱི་གནས་ཚུལ་ལབ་ཀྱི་མེད་ཅེས་གསུང་གི་ཡོད་རེད། རྙོག་དྲ་དེ་གསལ་བཤད་བྱེད་པའི་སྐབས་སུ། ང་ཚོས་བོད་རིགས་ཡོད་དོ་ཅོག་གཅིག་གྱུར་གྱི་འཛིན་སྐྱོང་ཞིག་དགོས་ཞེས་པ་དེ་ཡང་རྩ་ཁྲིམས་དང་འགལ་བ་རེད་ཅེས་བཤད་ཡོང་དུས། རྙོག་དྲ་དེར་ལྷག་གི་འདུག ཁོ་ཚོས་བོད་ཆེན་པོ་ཞེས་ཟེར་གྱི་འདུག ང་ཚོས་བོད་ཆེན་པོ་ཆུང་ཆུང་གི་སྐད་ཆ་མ་རེད། བོད་རིགས་ཡོད་དོ་ཅོག་གཅིག་གྱུར་གྱི་འཛིན་སྐྱོང་འོག་སྡོད་ཐུབ་པ་ཞིག་དགོས་པ་དེ་རེད།
གནས་ཚུལ་གཞན་ཞིག་ལ། རྒྱ་ནག་གིས་དབུ་ཁྲིད་ཚོས་ཚོགས་འདུ་འཚོགས་ནས་ཐག་གཅོད་བྱས་པའི་ནང་དུ་སྔར་དང་མི་འདྲ་བར་བོད་རིགས་ས་ཁུལ་ཡོངས་རྫོགས་ཀྱི་མི་སྐད་བཏང། མ་འོངས་པར་སློབ་གསོའི་སྐོར་དང་ཁོར་ཡུག་སྐོར་བོད་རིགས་ཡོངས་ཁྱབ་ལ་ཐག་གཅོད་བྱེད་པ་དེ། ངས་བལྟས་པ་ཡིན་ན་༸སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་དབུ་ཁྲིད་ཀྱིས་ལོ་མང་པོ་རིང་ལ་བོད་རིགས་ཡོངས་རྫོགས་སྲིད་བྱུས་གཅིག་གི་འོག་དང་འཛིན་སྐྱོང་གཅིག་འོག་སྡོད་རྒྱུ་དེ་རེད། འཛིན་སྐྱོང་གཅིག་འོག་དེས་ཁོ་ཚོ་ཧ་ཅང་འདྲོགས་ནས་ཁ་བྲལ་དང་ཕྱེད་རང་བཙན་བྱེད་རྒྱུའི་འདོད་པ་འདུག་ཅེས་བཤད་པ་རེད། དེ་རིང་ཁོ་ཚོས་སྲིད་བྱུས་གཅིག་འོག་ཟེར་བ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་དེ་བཤད་པ་ཡིན་སྟབས་ཁོ་ཚོས་བྱས་པ་ཡིན་ལབ་ཀྱི་མ་རེད། དོན་གྱི་ཐོག་ལ་ཕན་ཐོགས་བྱུང་བ་ཡིན་ན་མིང་ཁོ་རང་ཚོས་ཁྱེར་ཡང་འགྲིག་གི་འདུག དེ་ལ་ཁྱད་པར་མི་འདུག ༸རྒྱལ་བ་རིན་པོ་ཆེར་ངོ་སོ་དགོས་ཀྱི་ཡོད་མ་རེད། ག་རེ་རག་དགོས་ཀྱི་ཡོད་རེད་ཟེར་ན། ཁ་ཡོད་ལག་ཡོད་ཀྱིས་བོད་མི་ཚོ་ལ་ཕན་ཐོགས་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། གོང་གི་གནས་ཚུལ་དེའི་ཐོག་ལ་ཁོ་ཚོས་ཁ་ཕྱོགས་མ་ནོར་བ་ཞིག་ལ་འགྲོ་ཡི་འདུག་བསམ་པ་བྱུང་ཞེས་འགྲེལ་བརྗོད་གནང་སོང།
ཁོང་གིས་མུ་མཐུད་གསུང་དོན། དེ་རིང་གི་འབྲེལ་མོལ་སྐབས་བོད་རང་སྐྱོང་ལྗོངས་ས་གནས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཉི་མ་ཚེ་རིང་ལགས་ཕེབས་སོང། ངས་གོ་སྐབས་དེ་བཟུང་ནས་གསལ་པོ་ག་རེ་ཞུས་པ་ཡིན་ཟེར་ན། སྐབས་རེ་རྒྱ་ནག་གཞུང་གིས་འཁྱོག་བཤད་ཀྱིས་ཕལ་ཆེར་༸སྐྱབས་མགོན་རིན་པོ་ཆེས་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་ཀྱི་རེད་ཟེར་བ་དང། དྷ་རམ་ས་ལར་ཡོད་པའི་བཙན་བྱོལ་གྱི་སྒྲིག་འཛུགས་ཕར་ཡོང་ནས་བོད་ནང་དབང་སྒྱུར་བྱེད་ཀྱི་རེད་ཅེས་པའི་གནས་ཚུལ་མང་པོ་བཤད་ཀྱི་ཡོད་པ་རེད། དེ་ལ་ང་ཚོའི་ངོས་ནས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་རྨི་ལམ་ནང་དུའང་ཡོད་མ་རེད། བཙན་བྱོལ་ནང་ལ་ཁྱོད་རང་ཚོས་མིག་གིས་མཐོང་ཐུབ་ཀྱི་རེད། ༸སྐྱབས་མགོན་རིན་པོ་ཆེས་མང་གཙོ་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་བཟོས་གནང་ཡོད་རེད། དེ་དང་ཆབས་ཅིག་བཙན་བྱོལ་ནང་གི་དབང་འཛིན་པ་དེ་ཚོ་བོད་ནང་ཕར་ཡོང་ནས་དབང་ཆ་བཟུང་བའི་འཆར་གཞི་རྩ་བ་ནས་ཡོད་མ་རེད། ༸རྒྱལ་བ་རིན་པོ་ཆེས་ངེད་སྐུ་ཚབ་གཉིས་ལ་རྒྱ་ནག་ནང་དུ་བོད་རིགས་ཤེས་ཡོན་ཅན་འཇོན་ཐང་ཅན་འདི་འདྲ་འདུག་ཅེས་ཞུས་པའི་སྐབས་ལ་ཧ་ཅང་ཐུགས་དགྱེས་པོ་གནང་གི་འདུག མ་འོངས་པར་བོད་ཀྱི་དབང་ཆ་འཛིན་མཁན་དེ་བོད་ནང་དུ་ཡོད་པའི་བོད་པ་ཚོ་མ་གཏོགས་ཕྱི་རོལ་ཏུ་ཡོད་པའི་བོད་པ་ཉུང་ཤས་དེ་དག་མ་རེད་ཅེས་སྐྱབས་མགོན་རིན་པོ་ཆེས་གསུང་གི་ཡོད་པ་རེད། ད་བོད་ནང་དུ་བློ་ཁ་མ་ཚིམས་པའི་མི་དེ་སུ་ཆགས་ཀྱི་ཡོད་ཟེར་ན། ཁྱེད་རང་ཚོས་བཅིངས་འགྲོལ་བཏང་བ་ཡིན་ཟེར་བའི་མི་ཉམ་ཐག་དེ་ཚོ་རེད། སྲོག་ཉེན་ལ་མ་འཛེམས་པར་བོད་ནང་ནས་བཙན་བྱོལ་ལ་ཡོང་མཁན་གྱི་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་དེ་ཁྱེད་རང་ཚོས་ཞིང་བྲན་ལམ་ལུགས་བཅིངས་འགྲོལ་བཏང་བ་ཡིན་ཟེར་བའི་མི་དེ་ཚོ་རེད་མ་གཏོགས། བླ་དྲག་མི་དྲག་དེ་ཚོའི་གྲས་མ་རེད་ཅེས་བཤད་པ་ཡིན།
ཁོ་རང་ཚོས་བོད་ཀྱི་སྐུ་ཚབ་སུས་བྱེད་ཐུབ་ཀྱི་རེད་ཅེས་བཤད་ཀྱི་འདུག དེ་ལ་ང་ཚོས་ཁྱེད་རང་ཚོར་མ་ཕོག་ཨ། སྒེར་གྱི་ཐད་ནས་ང་ཚོ་བོད་རིགས་སྤུན་ཟླ་རེད། གུས་ཞབས་ཞེ་དྲག་ཡོད། བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་མཁན་དེ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལས་ལྷག་ཅིག་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་ཁྲིམས་དང་འགྲོ་ལུགས་ཟེར་བ་དེ་ཚོ་གནས་ཚུལ་ཐ་དད་རེད་ཅེས་བཤད་པ་ཡིན་ཞེས་དང། བོད་ཀྱི་དཀའ་ངལ་དེ་ཁྱོད་རང་ཚོ་གཅིག་པུས་སེལ་ཐུབ་ཀྱི་མ་རེད། ཁྱོད་རང་ཚོའི་སྟོབས་ནུས་པ་གཅིག་པུས་འདང་བ་ཡོད་མ་རེད། བོད་མི་དེ་ཚོར་ཁ་ལ་ཟ་རྒྱུའི་ཟས་དང། རྒྱབ་ལ་གོན་རྒྱུའི་གོས་ཤིག་རག་པ་ཙམ་གྱིས་འགྲིག་གི་ཡོད་མ་རེད། སེམས་ནང་གི་བདེ་སྐྱིད་ཅིག་རག་དགོས་ཀྱི་ཡོད་རེད། དེ་རག་པར་བྱེད་པ་ལ་༸སྐྱབས་མགོན་ཏཱ་ལའི་བླ་མ་དང་རྒྱ་ནག་དབུས་གཞུང་མཉམ་འབྲེལ་གྱི་ཐོག་ནས་ལས་ཀ་མ་བྱས་པ་ཡིན་ན་དུས་ནམ་ཡང་ཡོང་གི་མ་རེད་ཅེས་གསལ་བཤད་བྱས་པ་ཡིན་ཞེས་དང། གྲོས་མོལ་ཐེངས་བཅུ་པ་ག་དུས་བྱེད་མིན་གཞི་ནས་ལྟ་རྒྱུ་ཡིན་ཞེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བྱུང།།