ཅི་ལི་རྒྱལ་ཁབ་ཏུ་ས་ཡོམ་གྱི་གོད་ཆག

ཟླ་འདིའི་ཚེས་༢ ཉིན་གཞུང་གི་མགྲིན་ཚབ་པས་ས་ཡོམ་དང་མཚོ་རླབས་ཀྱིས་རྐྱེན་ལམ་དུ་གྱུར་པའི་མི་གྲངས་༧༢༣ ནས་ཡར་འཕར་བཞིན་འདུག་ཅེས་བརྗོད་འདུག
ས་ཡོམ་གྱི་དོན་རྐྱེན་སྐབས་མཚོ་རླབས་ཀྱི་གནོད་འཚེ་ཡང་ཤུགས་ཆེར་བྱུང་ཡོད་པ་དང་། དེ་བཞིན་ས་ཡོམ་ཚར་བའི་རྗེས་སུ་གཏོར་སྐྱོན་ཤོར་བའི་ཚོང་ཁང་སོགས་ནས་ཅ་དངོས་རྐུན་མ་དང་ཇག་པར་ཤོར་ནས་ཉེན་རྟོག་པས་ཕྱིས་སུ་མི་༡༦༠ འཛིན་བཟུང་བྱས་ཤིང་། ལོ་ན་༢༢ སོན་པའི་རྐུན་མ་གཅིག་ལ་མེ་མདའ་བརྒྱབ་ནས་གསོད་དགོས་བྱུང་བའི་གནས་ཚུལ་ཐོན་འདུག
རྒྱལ་ཁབ་གཞུང་ངོས་ནས་འཕྲལ་དུ་རོགས་སྐྱོར་ཁང་དང་སྨན་ཁང། གནས་ཚུལ་མཁོ་སྤྲོད་ཁང་སོགས་ཆེད་འཛུགས་བྱས་ཡོད་ཀྱང། ཡུལ་མི་༥༠༠༠༠༠ ལྷག་ལ་ཟ་འཐུང་དང་གློག་སོགས་མེད་པའི་དཀའ་ངལ་ཤུགས་ཆེར་འཕྲད་པ་དང་། སྲིད་འཛིན་མི་ཤཱེལ་བྷ་ཆི་ལེ་ཊི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཕྱི་ནང་ལ་རོགས་སྐྱོར་འབོད་སྐུལ་ཞུས་པ་ལྟར་ཨ་རི་དང་ཨར་ཇིན་ཊི་ན་གཙོས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྨན་པ་དང་སྨན་ཁང། མི་བཟོས་སྲུང་སྐར་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་ཁང། ཟས་རིགས་དང་། ཐབ་ཚང། སྐམ་གློག འཐུང་ཆུ་གཙང་བཟོ་བྱེད་ཆས། དངུལ་དང་མཁོ་རྫས་ཀྱི་རོགས་སྐྱོར་སོགས་དང་། དེ་བཞིན་སེམས་གསོའི་འཚམས་འཕྲིན་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༢ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་དྲུང་ཆེ་ལྕམ་ཧི་ལ་རི་ཁ་ལིན་ཊོན་གྱིས་རོགས་སྐྱོར་ཆེད་སྐྱོབ་གསོ་སོགས་ཁྱེར་ཏེ་ལྟ་སྐོར་ལ་འགྲོ་རྒྱུ་ཡིན་པ་དང། ཕྱི་ཚེས་༡ ཉིན་ཆི་ལི་རྒྱལ་ཁབ་ཀྱིས་མཁའ་ལམ་སོགས་འགྲུལ་ལམ་སླར་ཡང་སྒོ་ཕྱེས་ཡོད་པ་རེད།།