༢༠༠༨ ལོར་བོད་མི་འཛིན་བཟུང་བྱས་པ་རྣམས་རྩད་གཅོད།

བོད་མི་ཚོར་དྲག་གནོན་ཇི་ཙམ་བྱས་པ་དེས་རྒྱ་ནག་གཞུང་ལ་འཇིགས་སྣང་བྱ་རྒྱུའི་སྤྱི་ཚོགས་བརྟན་ལྷིང་མེད་པ་ཞིག་ཆགས་རྒྱུ་རེད། བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་རྒྱུ་དང། བོད་མི་ཚོར་གཞི་རྩའི་གཏམ་བརྗོད་རང་དབང་དང༌། འདུ་འཛོམས་བྱ་རྒྱུའི་རང་དབང་དེ་དག་སྤྲོད་རྒྱུ་ནི་པེ་ཅིང་གཞུང་གི་རེ་འདུན་ལྟར་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུའི་ཐབས་ལམ་ཁོ་ན་ཡིན། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་ཕྱི་ལོ་༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་ནི་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དང་རིག་གཞུང་རྒྱུན་འཛིན་ལག་བསྟར་བྱ་རྒྱུར་དམ་དྲག་བཀག་སྡོམ་བྱས་པ་དང༌། བཙན་དབང་འོག་བོད་མི་ཞིང་འབྲོག་རྣམས་ཀྱི་སྡོད་གནས་ཁག་བསྐྱར་འཛུགས་བྱེད་བཅུག་པ་སོགས་ལས་བྱུང་བ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་པ་རེད།
༢༠༠༨ ལོར་བོད་མི་སྟོང་ཕྲག་མང་པོ་ཉེས་མེད་འཛིན་བཟུང་བྱས་པ་དང་ཁྲིམས་ཆད་བཏང་བ། ད་བར་འཛིན་བཟུང་བྱས་པི་དེ་དག་གློད་བཀྲོལ་བཏང་ཡོད་མེད་དང༌། ཉེས་པ་ཆག་ཡང་བཏང་ཡོད་མེད། ད་དུང་བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རྣམས་ཀྱི་སྐོར་གསལ་བཤད་གང་ཡང་བྱུང་མེད། དེ་ཡང་ལྕམ་སྰོ་ཧྥི་ཡ་ལགས་ཀྱིས་གསུངས་དོན། ཕྱི་ལོ་ ༢༠༠༩ ཟླ་ ༣ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་མཆོག་ལ་བོད་དང་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དེ་དག་གི་ཐོབ་ཐང་ལ་བརྩི་བཀུར་ཞུ་མ་ཐུབ་པར་མི་རིགས་དབྱེ་འབྱེད་བྱས་པའི་ཉེར་ལེན་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ཡོད་སྐོར་ཡང་འཁོད་ཡོད་པ་རེད།།