༸གོང་ས་མཆོག་བགྲེས་ཡོལ་ཕེབས་ན་འཕྲད་སྲིད་པའི་ཉེན་ཁ་བདུན།

ཟླ་འདིའི་ཚེས་༡༥ ཉིན་གྲོས་ཚོགས་ནང་དེའི་སྐོར་ལ་བགྲོ་གླེང་གནང་བ་དང། སྤྱི་འཐུས་མང་ཆེ་བས་མུ་མཐུད་༸གོང་ས་མཆོག་ལ་གསོལ་འདེབས་སྐྱབས་འཇུག་ཞུ་དགོས་སྐོར་བརྗོད་ཡོད་པ་རེད།

གསུང་འཕྲིན་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན།    “བཀའ་ཤག་གི་བསམ་ཚུལ་གྱི་སྔོན་ལ་སྔོན་གླེང་དང་རྒྱབ་ལྗོངས་ཀྱི་བཟོ་ལྟ་བུ་ཞིག་ལ། ད་ལྟ་ཕན་ཆད་ལ་བྱུང་བའི་དངོས་ཡོད་ཀྱི་གནས་སྟངས་གཞི་རྩར་བཞག་པའི་ཐོག་ནས། དང་པོ་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་ཀྱི་དགོངས་བཞེད་དང༌། དེའི་རྒྱབ་ལྗོངས། དགོས་པ་རྒྱུ་མཚན་ག་རེ་ཡིན་པ། བཀའ་ཤག་གིས་གོ་རྟོགས་གང་བྱུང་བའི་གནས་ཚུལ་རྣམས་གཅིག་དང། གཉིས་པ་གཞིས་བྱེས་བོད་མི་མང་ཤོས་ཀྱི་སེམས་འཚབ་གང་ཡོད་མེད་དང་རེ་འདུན་གང་ཡོད་མེད་རེད། གསུམ་པ་དེ་ྋསྐྱབས་མགོན་རིན་པོ་ཆེའི་བཞེད་དགོངས་ལྟར་ཕེབས་སྒོ་དེ་དག་ཕྱག་ལེན་དུ་བསྟར་གནང་བའི་སྐབས་ལ་འཕྲལ་དུ་བོད་མི་རིགས་དང༌། བཙན་བྱོལ་སྒྲིག་འཛུགས་གཉིས་ཀར་དཀའ་ངལ་ག་རེ་ག་རེ་འཕྲད་སྲིད་ཀྱི་རེད་ཅེས། དེ་གསུམ་ལ་བསྡོམས་བརྒྱབ་ནས་སྙན་སེང་ཞུ་རྒྱུའི་འབད་བརྩོན་ཞུ་ཡི་ཡིན། བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་པའི་དཔྱད་གཞི་དང་ཐུགས་སྣང་མ་བྱུང་བ་ཡིན་པ་ཡིན་ན། ཐུགས་སྣང་ཡོང་རྒྱུའི་ཆེད་དུ་སྙན་སེང་ཞུ་ཡི་ཡོད་”ཅེས་གསུང་འཕྲིན་གྱི་དོན་ཚན་རེ་རེ་དང་སྦྲགས་དགོས་པ་རྒྱུ་མཚན་ཁག་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས་མུ་མཐུད་གསུང་འཕྲིན་གྱི་སྐོར་ལ་མི་མང་ནང་བསམ་ཚུལ་གང་ཡོད་སྐོར་གསུང་དོན། “སྙན་སེང་ཞུ་རྒྱུའི་དོན་ཚན་གཉིས་པ། ྋགོང་ས་མཆོག་གི་བཀའ་ཡི་ཕེབས་སྒོ་དེའི་ཐོག་ལ་བོད་མི་མང་ཚོགས་ཀྱི་དགོངས་ཚུལ་མང་པོ་ཞེ་དྲག་ཡོད་རེད། དེ་ཚོའི་ནང་ལ་ང་ཚོས་ཤེས་རྟོགས་བྱུང་བ་དང༌། གཙོ་ཆེ་བ་ཁག་ཅིག་བསྡོམས་བརྒྱབ་ནས་ཞུས་པ་ཡིན་ན། བོད་མི་སྤྱི་དང༌ཁྱད་པར་དུ་བོད་ནང་དུ་བཞུགས་པའི་ཤེས་ཡོན་ཅན་གྱི་མི་སྣ་དེ་ཚོས་ག་རེ་དགོངས་ཀྱི་ཡོད་རེད་ཞུས་ན། དང་པོ་ྋགོང་ས་མཆོག་བོད་མི་རིགས་ཀྱི་བསམ་པའི་དབུ་ཁྲིད་ཡིན་པ་མ་ཟད། ༧གོང་ས་མཆོག་ལས་གཞན་པའི་མི་རིགས་དང་རྒྱལ་ཁབ་ཀྱི་མཚོན་རྟགས་གཉིས་པ་ཞིག་མེད་པར་ངོས་ལེན་ཞུ་ཡི་ཡོད་པ་རེད། གཉིས་པ་སྲིད་དོན་གྱི་ལྟ་གྲུབ་མང་གཙོ་དང༌གུ་ཡངས་ཟེར་བ་གང་འདྲ་ཞིག་གི་ཐ་སྙད་སྦྱར་བ་ཡིན་ན་ཡང༌། ཐ་སྙད་དེ་ཚོ་ལས་བོད་མི་རིགས་ལ་ྋགོང་ས་མཆོག་གི་དབུ་ཁྲིད་དེ་གལ་གནད་ཆེ་བ་ཡིན་པ་གཅིག་གཟིགས་ཀྱི་ཡོད་རེད། གསུམ་པ་གུ་ཡངས་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ལ་བསྟུན་པ་ཡིན་ན་ཡང༌། མང་ཚོགས་ཀྱི་ཡིད་ཆེས་དང༌མང་མོས་མཐོ་ཤོས་ཡོད་སའི་ཁྲི་པ་དེས་ཆབ་སྲིད་དང༌། འཛིན་སྐྱོང་གཉིས་ཀའི་དབུ་ཁྲིད་གནང་རྒྱུ་ལ་ཤིན་ཏུ་འོས་པ་ཞིག་མ་གཏོགས། མང་གཙོའི་ལྟ་གྲུབ་དང་འགལ་གྱི་མེད་པ་ཞིག་གཟིགས་ཀྱི་ཡོད་པ་རེད།

བཞི་པ་ཡང་དག་པའི་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་ལག་བསྟར་ཡོང་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་རེད། དང་པོ་དེར་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཡོད་པ། གཉིས་པ་བསླབ་བྱ་ལྡན་པའི་སྤྱི་ཚོགས་ཡོད་པ། གསུམ་པ་ཡང་དག་པའི་སྲིད་དོན་གྱི་ལྟ་གྲུབ་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ད་ལྟ་ང་ཚོའི་བོད་མི་ཚོ་ལ་ྋགོང་ས་མཆོག་ལྟ་བུའི་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཅིག་ཡོད་ཀྱང༌། མ་འོངས་པར་དེ་འདྲའི་དབུ་ཁྲིད་ཅིག་རྙེད་ཐབས་མེད་པ་ཞིག་གཟིགས་ཀྱི་ཡོད་པས། མང་གཙོའི་འཕེལ་རིམ་རང་གི་ངོ་བོའི་ཆ་ནས་བལྟས་པ་ཡིན་ན་ཡང༌། ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་དེ་མེད་དུ་མི་རུང་བ་ཞིག་ཆབ་སྲིད་ཀྱི་ལྟ་གྲུབ་སྨྲ་བ་ཚོ་དང་དགོངས་པ་བཞེས་མཁན་ཚོས་དགོངས་ཀྱི་ཡོད་རེད། ལྔ་པ་དེར་མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་ཡང་དག་པའི་དབུ་ཁྲིད་མང་པོ་གདམས་ཀ་རྒྱག་རྒྱུ་ཡོད་པ་ཡིན་ན། གདམས་ཀ་རྒྱག་ཆོག་རྒྱུ་དེ་མི་མང་གི་ཐོབ་ཐང་དང༌ཁེ་ཕན་ཞིག་ཡིན་པ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ལ་དེ་འདྲ་གདམས་ཀ་རྒྱག་རྒྱུ་ཡོད་པའི་གྲ་རྒྱས་པོ་དེ་མེད་པས། མི་མང་གིས་གདམས་ཀ་གཅིག་རང་རྒྱག་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། དེང་རབས་ཀྱི་རྒྱལ་ཁབ་མང་གཙོའི་ཚད་མཐོ་ཤོས་ཡོད་པ་དེ་ཚོའི་ནང་ལ་ཡང་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་ནས། རྒྱལ་ཁབ་དང་འཛིན་སྐྱོང་གི་དབུ་ཁྲིད་རྒྱུད་འཛིན་བྱས་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ་མང་པོ་ཡོད་བསྡད་པ་ཞིག་རེད། དེ་ཚོ་ཡང་མང་གཙོའི་དཔལ་དང་རྒྱན་ལ་ཕྱིན་པ་མ་གཏོགས། དེ་འདྲ་ཡོད་པའི་ཡུལ་ལུང་དེ་ཚོ་མང་གཙོའི་འཕེལ་རིམ་མ་རྫོགས་པ་ཞིིག་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད། དེ་ཙམ་དུ་མ་ཟད་དོན་གནད་གཞན་པ་གཅིག་ལ་ཆ་མཚོན་པ་ཡིན་ན། འདས་པའི་མི་ལོ་༥༢ རིང་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ལ་མང་གཙོའི་འཕེལ་རིམ་དང་མདུན་བསྐྱོད་ག་ཚོད་བྱུང་བ་དེ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་རང་གི་དབུ་ཁྲིད་དང་ལམ་སྟོན་ཁོ་ན་ལས་བྱུང་བ་མ་གཏོགས། མི་མང་གི་ངོས་ནས་སོ་སོས་འབད་བརྩོན་བྱས་ནས། སོ་སོས་གསར་བརྗེ་ཁྱེར་ཡོང་ནས་བྱུང་བཞག་པ་ཞིག་ད་ལྟ་ང་ཚོར་གཅིག་ཀྱང་སྟོན་རྒྱུ་མེད་པ་རེད།

དེ་ཙམ་དུ་མ་ཟད་ད་ལྟའི་གནས་སྐབས་ལ་ྋགོང་ས་མཆོག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་མཛད་ཁུར་དུ་བཤོལ་གནང་བ་ཡིན་ན། བོད་མིའི་མང་གཙོའི་འཕེལ་རིམ་དེ་ལ་ཕན་ཐོགས་ཡོང་གི་རེད་དམ་འགལ་རྐྱེན་ཡོང་གི་རེད། ཕན་ཐོགས་པའི་ཚབ་ལ་འགལ་རྐྱེན་ཡོང་བའི་ཉེན་ཁ་མང་བ་ཡོང་བ་མང་པོས་གཟིགས་ཀྱི་ཡོད་རེད། དེ་ཙམ་དུ་མ་ཟད་དོན་ཚན་གཞན་པ་གཅིག་ལ་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་མངོན་འདོད་ལ་ལྟོས་མ་གནང་བ་ཡིན་པ་ཡིན་ན། དེ་འདྲ་ལྟོས་མ་གནང་བའི་མཛད་ཕྱོགས་དེ་མང་གཙོའི་ཁེ་ཕན་ལ་ཕན་ཐོགས་མེད་པའི་གནས་སྟངས་ཡོང་སྲིད་པ་མཐོང་གི་ཡོད་རེད། ཡང་དགོངས་པ་བཞེས་མཁན་མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེས་འཛིན་སྐྱོང་གི་ཐུགས་འགན་མ་བཞེས་པ་ཡིན་ན་ཡང༌། ཉུང་མཐར་ཡང་ཆབ་སྲིད་ཀྱི་ཐུགས་འགན་དེ་བཞེས་མ་གནང་བ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཁྲིམས་མཐུན་གྱི་ངོས་འཛིན་དང༌། རྒྱལ་སྤྱིའི་ནང་གི་གནས་བབ། བོད་རྒྱའི་འབྲེལ་བ་གང་སའི་ཐོག་ལ་སྐུ་ངལ་འཕྲད་རྒྱུའི་གཞི་རྩ་ཞིག་ལ་ཆགས་རྒྱུ་ཡིན་པ་དགོངས་ཀྱི་ཡོད་པ་རེད། དེ་ཙམ་དུ་མ་ཟད་པའི་མཐའ་མ་དེར་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་རེ་བའི་འབྱུང་ཁུངས། ཡིད་ཆེས་བློ་གཏད་ཞུ་ཡུལ་ད་ལྟ་ཡོད་པ་དེ་འགྱུར་བ་ཕྱིན་པ་ཡིན་ན། གཞིས་བྱེས་བོད་མིའི་ཆིག་བསྒྲིལ་དང༌། མདུན་བསྐྱོད་ཀྱི་ནུས་པ་ཉམས་དམས་སུ་འགྲོ་རྒྱུ་དང་། དེ་དག་ལའང་དོ་ཕོག་ཆེན་པོ་བྱེད་ཀྱི་ཡོད་པ་དེ་འདྲ་མཐོང་གི་འདུག དེ་ཚོ་རྣམ་དཔྱོད་ལྡན་པའི་མི་མང་ཚོའི་ནང་ལ་ཚོར་བ་དང་དགོངས་པ་བཞེས་ཕྱོགས་ག་རེ་ཞུས་པ་དེ་མདོར་བསྡུས་ཙམ་ཕྱོགས་བསྡོམས་བརྒྱབ་ནས་ཞུ་ཡི་ཡོད།

ཞུ་བྱའི་གནད་དོན་གསུམ་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་ཡིན་ན། འཕྲལ་དུ་གཞིས་བྱེས་ཀྱི་མང་ཚོགས་དང༌། བོད་པའི་སྒྲིག་འཛུགས། བོད་ཀྱི་རྩ་དོན་ལ་འཕྲད་པའི་ཉེན་ཁ་ཡོད་པའི་དཀའ་ངལ་ཆེ་བ་དེ་ཚོ་རགས་པ་ཙམ་ཞིག་ཞུས་པ་ཡིན་ན། དང་པོ་དེར་རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་དེ་ད་ལྟ་ྋསྐྱབས་མགོན་རིན་པོ་ཆེའི་སྐུའི་སྣང་བརྙན་དང་གཅིག་པ་རེད་མ་གཏོགས། དེ་ལས་གཞན་པའི་གཟུགས་བརྙན་ཞིག་ཡོད་མ་རེད། ྋགོང་ས་མཆོག་ཆབ་སྲིད་ཀྱི་དབུ་མ་ཁྲིད་ནས་ཟུར་བཞུགས་མཛད་པ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་རྒྱུ་དང༌། གཟུགས་བརྙན་གསར་པ་བསྐྲུན་ཐུབ་རྒྱུའི་ནུས་པ་ང་ཚོར་ཡོད་དང་མེད། གལ་སྲིད་ཡོད་པ་ཡིན་ནའང་གཟུགས་བརྙན་གསར་པ་བསྐྲུན་རྒྱུའི་དུས་ཚོད་ག་ཚོད་འགོར་གྱི་ཡོད་པ་དེའི་གནས་ཚུལ་དེ་དྲི་བ་ཤུགས་ཆེན་པོ་གཅིག་རེད་བསམ་གྱི་ཡོད།

གཉིས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས། གཞིས་བྱེས་བོད་མི་ཚང་མས་རང་གི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཡིན་པ་ངོས་འཛིན་བྱེད་རྒྱུ་དེའི་རྒྱུ་མཚན་གཙོ་བོ་དེ་ྋགོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་དང༌། བོད་མི་རིགས་ཀྱི་ངོ་ཚབ་མཚོན་ངེས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཡོད་པ་དེ་གཉིས་ལ་བལྟས་ནས་ང་ཚོའི་སྒྲིག་འཛུགས་དེ་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་ཡིན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེ་ཟུར་བཞུགས་གནང་བ་ཡིན་ན། ངོས་འཛིན་འདི་ཐུབ་ཀྱི་རེད་དམ་ཐུབ་ཀྱི་མ་རེད། དྲི་བ་ཆེན་པོ་གཅིག་ང་ཚོའི་མདུན་ལ་སླེབས་ཀྱི་ཡོད་རེད།

གསུམ་པ་དེར་བཙན་བྱོལ་སྒྲིག་འཛུགས་དང༌ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁོ་རང་ཡང་ཁྲིམས་མཐུན་ཡོང་རྒྱུའི་གཞི་རྩ་དེ་ཡང་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་ལ་ཐུག་བསྡད་པ་གཅིག་རེད། འདི་མེད་པའི་སྐབས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་མཐུན་འབྱུང་ཁུངས་དེ་ཡང་དྲི་རྟགས་ཐེབས་འགྲོ་རྒྱུའི་གནས་སྟངས་ཆགས་མི་སྲིད་པ་མ་རེད། བཞི་པ་དེར་རྒྱལ་སྤྱིའི་ནང་ལ་གཞུང་ཁག་དང༌བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཚོན་པའི་མང་ཚོགས་ཀྱི་ངོས་ནས་བཙན་བྱོལ་སྒྲིག་འཛུགས་ལ་ངོས་ལེན་དང༌། འབྲེལ་བ་གནང་ཕྱོགས་དེ་སྔར་ལྟར་གནས་ཐུབ་ཀྱི་རེད་དམ་ཐུབ་ཀྱི་མ་རེད། མ་གནས་པ་ཡིན་ན་གནས་ཚུལ་གསར་པ་དང་ལམ་ཁ་གསར་པ་གང་འདྲ་ཞིག་ཆགས་ཀྱི་རེད་དེ་ཡང་དྲི་རྟགས་ཆེན་པོ་ཞིག་རེད།
ལྔ་པ་དེ་བོད་དོན་བདེན་མཐའ་སེལ་རྒྱུའི་ཆེད་དུ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཡོངས་སུ་རྫོགས་པ་ད་ལྟ་བར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་འགྲོ་བཞིན་པ་རེད། དེ་ཡང་རྒྱུན་ཆད་འགྲོ་ཡི་རེད་དམ། མུ་འཐུད་ཐུབ་ཀྱི་རེད་ཟེར་རྒྱུའི་དྲི་བ་དེ་གནད་འགག་ཆེ་བའི་དྲི་བ་གཅིག་ཆགས་ཀྱི་རེད། རྒྱ་གར་མང་ཚོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། བོད་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་དེ་ཚོའི་ལངས་ཕྱོགས་དང་ཆིག་བསྒྲིལ་གྱི་ནུས་པ་དེ་ལ་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པས་དེ་ལ་གདོང་ལེན་བྱེད་རྒྱུ་ཁག་པོ་ཞེ་དྲག་རེད།

དྲུག་པ་དེ་གཞིས་བྱེས་བོད་མི་དབར་གྱི་འབྲེལ་ལམ་དང་མང་ཚོགས་ཀྱི་ཆིག་སྒྲིལ་དང་གོང་འཕེལ་གྱི་ནུས་པ། ད་ལྟ་གཞིས་བཞུགས་བོད་མི་དེ་ཚོས་སྲོག་ལ་བསྡོས་ནས་རྒྱ་གར་གྱི་ནང་ལ་སླེབས་རྒྱུའི་ཐབས་ཤེས་བྱེད་རྒྱུ་དང། བཙན་བྱོལ་སྤྱི་ཚོགས་ལ་འབྲེལ་བ་གནང་རྒྱུ་དེ་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་ལ་དམིགས་ཡུལ་བཟུང་སྟེ་གནང་གི་ཡོད་རེད། དེ་ཚོའི་སྐོར་ལ་ཡང་འབྱུང་འགྱུར་གང་འདྲ་བྱས་ཏེ་ཆགས་ཀྱི་རེད། དེ་ཙམ་དུ་མ་ཟད་ད་ལྟ་རྒྱལ་སྤྱིའི་ནང་ལ་ཡོད་བཞིན་པའི་སྐུ་ཚབ་དོན་གཅོད་ཁང་བཅུ་གཅིག་ཙམ་ཡོད་པ་རེད། དེ་ཚང་མ་ྋསྐྱབས་མགོན་རིན་པོ་ཆེའི་མཚན་གྱི་ཐོག་ནས་སྐུ་ཚབ་དོན་གཅོད་ཀྱི་མཚན་དང༌། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་གནང་ནས་རྒྱལ་སྤྱིར་འབྲེལ་བ་འཇོག་ཐུབ་ཀྱི་ཡོད་རེད། དེ་ཚོའི་གནས་བབ་མ་འོངས་པར་གང་འདྲ་ཆགས་ཀྱི་རེད། གཞན་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེ་མཐོང༌དང། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་ནང་ལ་རང་དོན་བློས་གཏོང་བྱས་ནས་སྲི་ཞུ་ཞབས་འདེགས་ཞུ་མཁན་མི་ཉུང་བ་ཞིག་ཡོད་རེད། དེ་ཚོ་ཚང་མས་ྋརྒྱལ་བ་རིན་པོ་ཆེའི་ཞལ་རས་ལ་གོང་བརྒྱབ་སྟེ་ཞབས་འདེགས་ཞུ་ཡི་ཡོད་རེད་མ་གཏོགས། བཙན་བྱོལ་སྒྲིག་འཛུགས་ལ་སྲི་ཞུ་ཞབས་འདེགས་ཞུ་རྒྱུའི་དམིགས་སྒོ་གཞན་དག་མེད་བསྡད་པ་ཞིག་རེད།

མཐའ་མ་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་གྱི་ཆེད་དུ་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་གི་ཡོད་རེད་ལ་ལས་དོན་གྱི་རྒྱབ་སྐྱོར་གནང་གི་ཡོད་རེད། དེ་ཚོ་ཡང་མ་འོངས་པར་གནད་དོན་གང་འདྲ་གཅིག་ཆགས་ཀྱི་རེད། དེ་ཚོ་ཚང་མ་དགོངས་པ་བཞེས་དགོས་རྒྱུ་དང༌དྲི་རྟགས་ཆེན་པོ་ཡོད་པའི་གནས་སྟངས་ཤིིག་རེད་ཅེས་ཞུ་རྒྱུ་ཡིན། དེ་ཚོ་ང་ཚོའི་ད་རེས་ཀྱི་འགྱུར་བ་དེ་བཏང་བའི་སྐབས་ལ་ཡོང་སྲིད་པ་དང༌། ཁ་ཤས་ཡོང་ངེས་པའི་སྐུ་ངལ་དེ་ཚོ་གང་འདྲ་བྱས་ཏེ་གདོང་ལེན་གནང་གི་ཡིན་པ། འདི་ཡང་དམིགས་འོག་ཏུ་ཚུད་པ་གཅིག་གི་ཐོག་ནས་དགོངས་པ་བཞེས་དགོས༌རྒྱུ་དང། ཕྱག་ལས་གནང་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག་ཞུ་རྒྱུའི་འདོད་པ་བྱུང་སོང༌། ད་ལྟ་གོང་དུ་ཞུས་པའི་དོན་ཚན་གསུམ་གྱི་ཐོག་ལ་བསྡོམས་ཚིག་མདོར་བསྡུས་བརྒྱབ་པ་དེ། བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་པའི་དཔྱད་གཞིར་བཟུང་བའི་ཐོག་ནས་འབྱུང་འགྱུར་གྱི་མཛད་ཕྱོགས་ཐོག་ལ་དགོངས་བཞེས་ཟབ་ངེས་གནང་རྒྱུར་ཐུགས་གལ་ཆེན་པོ་འདུག་ཅེས་སྙན་སེང་ཞུ་རྒྱུ་ཡིན།

ད་མཐའ་མ་དེར་བཀའ་ཤག་གི་བསམ་ཚུལ་ཞུ་དགོས་ཀྱི་ཡོད་རེད། ད་དངོས་སུ་ལས་དོན་ལག་ལེན་བསྟར་ཡོང་བའི་སྐབས་ལ། བཀའ་ཤག་གི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་གྱི་ནང་ལ་བཀའ་ཡི་ཕེབས་སྒོ་གང་ཡོད་པ་དེ་ཚོ་ཇི་མ་ཇི་བཞིན་གྲོས་ཚོགས་འདིའི་ཐོག་ནས་བསྒྲུབ་པ་གནང་དགོས་ཀྱི་འདུག། རྒྱབ་གཉེར་ཞུ་ཡི་ཡོད། སེམས་པ་སྐྱིད་པོ་བྱུང་ནས་རྒྱབ་གཉེར་ཞུས་པ་ཡིན་ན་ཡང་འདྲ། སེམས་པ་སྐྱོ་པོ་ཞིག་གི་ཐོག་ནས་རྒྱབ་གཉེར་ཞུས་པ་ཡིན་ན་ཡང་འདྲ། གང་ལྟར་ྋསྐྱབས་མགོན་རིན་པོ་ཆེས་གྲོས་ཚོགས་ལ་གསུང་འཕྲིན་མ་ཕེབས་པའི་བར་ལ་འདས་པའི་ལོ་བཅུ་ཡས་མས་ཤིག་གི་རིང། བཀའ་ཤག་རིམ་པ་གཉིས་ཀྱིས་དངོས་ཤུགས་བརྒྱུད་གསུམ། ཕྱི་ནང་གསང་གསུམ་ནས་གོ་སྐབས་ནམ་བྱུང་དུ་རིམ་པ་མང་པོས་མུ་འཐུད་ནས་གྲངས་མེད་པ་ཞུས་ཟིན་པ་ཡིན། ད་ལྟའི་གནས་སྐབས་ལ་ྋགོང་ས་མཆོག་གིས་ཐུགས་ཐག་བཅད་ནས་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་ཟིན་པ་འདིའི་སྐབས་ལ་ང་ཚོ་བཀའ་ཤག་གི་ལས་འགན་དེ་ག་རེ་རེད་ཟེར་ན། ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བསྒྲུབ་རྒྱུ་དེ་རེད། གསུང་འཕྲིན་གང་ཕེབས་པ་དེ་ཆ་ཚང་ང་ཚོས་ལག་ལེན་བསྟར་ཐུབ་པ་ཞིག་གནང་དགོས་ཀྱི་འདུག གནང་རོགས་གནང༌། དེའི་ཐོག་ལ་བཀའ་ཤག་གིས་རྒྱབ་སྐྱོར་ཡོད་ལ། ཡིད་གཉིས་ཐེ་ཚོམ་གང་ཡང་མེད་ཅེས་གསལ་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང༌། ྋསྐྱབས་མགོན་རིན་པོ་ཆེས་ཐག་གཅོད་གནང་ནས་གསུང་འཕྲིན་ཕེབས་ཟིན་པ་ཙམ་དུ་མ་ཟད། ཁྱོན་ཡོངས་ནས་བལྟས་པ་ཡིན་ན་ཡང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་གང་ཟག་མི་ཉུང་བ་ཞིག་གིས་དགོངས་པ་བཞེས་ཕྱོགས་དང༌། བཀའ་མོལ་གནང་ཕྱོགས་དེ་ཚོར་ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱིས་གདོང་ལེན་གནང་ཕྱོགས་གང་ལ་བལྟས་པ་ཡིན་ནའང༌། ད་ཆ་བཀའ་ཤག་གི་ངོས་ནས་ྋརྒྱལ་བ་རིན་པོ་ཆེ་ལ་མུ་མཐུད་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནང་ཞེས་གསོལ་བ་བཏབ་པ་ཡིན་ན་གསོལ་བ་འདེབས་ཞུ་རྒྱུའི་གཞི་རྩ་དང༌། བཏབ་པའི་ནུས་པ་དང་སྤོབས་པ་གཉིས་ཆ་མེད་པ་ཞིག་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། དེ་མ་འོངས་པར་གནང་ཕྱོགས་ཀྱི་ཐབས་ལམ་འཚོལ་རྒྱུའི་ཐད་ལ། གྲོས་ཚོགས་ཀྱི་ར་བ་འདིའི་ནང་ལ་ཡོད་པའི་གྲོས་ལ་དབང་བའི་ཚོགས་མི་རྣམ་པ་གཙོ་བོར་གྱུར་པའི་བཙན་བྱོལ་མང་ཚོགས་ཀྱི་རང་རང་སོ་སོའི་དགོངས་པ་བཞེས་ཕྱོགས། ཕྱག་ལས་གནང་ཕྱོགས། བསམ་ཚུལ་དང་གཤིས་སྤྱོད། ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཕྱོགས། དེ་ཚོ་ཚང་མའི་ཐོག་ལ་དངོས་ཡོད་ཀྱི་གནས་ཚུལ་ངོ་མ་གང་ཡིན་པ་དེ་ཇི་མ་ཇི་བཞིན་འཛེམས་ཟོན་སྤངས་པའི་ཐོག་ནས་ངོས་བཞེས་གནང་ཐུབ་པ་ཞིག་དང༌། གཞི་རྩ་དེའི་སྟེང་ནས་ལངས་ཕྱོགས་ཤིག་སྟོན་ཐུབ་པ་གནང་དགོས་ཀྱི་འདུག་མ་གཏོགས། ཞལ་དང་གཏིང་མི་མཚུངས་པའི་མཛད་བྱུས་ཙམ་ཞིག་ཐག་གཅོད་གནང་བ་ཡིན་ན། དོན་ཕན་ཡོང་གཞི་མེད་པའི་གནས་སྟངས་ཤིིག་མཐོང་སྡོད་ཀྱི་འདུག དེ་ཚོ་དགོངས་པར་འཇགས་རོགས་གནང་ཞུ་རྒྱུ་ཡིན་”ཞེས་གསུངས་ཡོད་པ་རེད།།

{jcomments on}