ཨ་དྲིལ་རིན་པོ་ཆེ་དང་ཁོང་གི་སྲས་ལ་ཁྲིམས་ཆད།

༢༠༠༩ ཟླ་བ་༡༢ ཚེས་༡༥ ཉིན་རིན་པོ་ཆེ་ཡི་རྒྱ་རིགས་སློབ་མ་ལྷ་སར་སླེབས་ཏེ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡིན་པ་དང༌། སྐུ་གཟུགས་བདེ་ཐང་མེད་པ་བཅས་ཀྱིས་ཞུ་གཏུགས་བྱས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པ་རེད། ཁོང་དེ་སྔོན་རིག་གསར་སྐབས་ཡང་བཙོན་འཇུག་བྱས་པ་དང༌། དེ་ནས་བཙོན་གྲོལ་ཐོབ་མཚམས་རྒྱ་གཞུང་གིས་གོ་གནས་ཞིག་ཀྱང་སྤྲད་ཡོད། ༢༠༡༠ ཟླ་བ་༢ པའི་ནང་རིན་པོ་ཆེར་དངོས་སུ་ལོ་ངོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད་པ་རེད།
༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་དབོན་པོ་དགོན་པའི་གྲྭ་པ་ཚོ་ལས་འགུལ་དུ་ཞུགས་ཡོད་པ་ཤེས་འཕྲལ། རིན་པོ་ཆེ་ཡིས་བལ་ཡུལ་དུ་ཡོད་པའི་ཁོ་རང་གི་རིགས་སྲས་ཟླ་ཤེར་ལ་ཁ་པར་བཏང་སྟེ། གང་མགྱོགས་བོད་དུ་ལོག་ཡོང་དགོས་སྐོར་རྣམས་ཞིབ་པར་གསུངས་ཡོད། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་དེ་མ་ཉིད་དུ་རྒྱ་གར་དུ་ཡོད་པའི་ཁོ་རང་གི་གྲོགས་པོ་དང་སྐུ་ཞབས་ཚོར་ལན་བསྐུར་ཏེ་གནས་ཚུལ་འདི་དང་འབྲེལ་བའི་སྐོར་ལ་དེ་ཕྱོགས་ནས་དྲིལ་བསྒྲགས་དང༌། རྒྱབ་སྐྱོར་གང་ཐུབ་བྱེད་རོགས་ཞེས་གསུངས། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་ཁ་པར་བཏང་བའི་གནས་ཚུལ་རྣམས་མགྲོན་ཁང་གི་བདག་པོས་རྒྱ་གཞུང་གི་གནད་ཡོད་མི་སྣར་རྩིས་སྤྲད་བྱས་ཡོད་འདུག ༢༠༠༨ ལོའི་ཟླ་བ་༣ པའི་ཚེས་༡༣ ཉིན་ཁོང་ལྷ་སར་སླེབས་མཚམས་ནས་རྒྱ་མིའི་དམག་མིས་བཀག་སྟེ། རིན་པོ་ཆེའི་ཐུགས་སྲས་དང་དེ་མིན་རོགས་པ་བཞི་སྐབས་དེར་འཇུ་བཟུང་བྱས་ཡོད། དེ་རྗེས་རོགས་པ་བཞི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་གློད་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག རིན་པོ་ཆེའི་སྲས་ཟླ་ཤེར་ཡང་རིན་པོ་ཆེ་དང་མཉམ་གཅིག་ཏུ་ཉེ་ཆར་ཟླ་བ་ ༢ པའི་ནང་ལོ་ངོ་བཅུ་ཡི་ཁྲིམས་ཐག་བཅད་ཡོད། ད་ལྟ་རིན་པོ་ཆེ་དང་ཁོང་གི་སྲས་གཉིས་ཀ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་ཡོད་འདུག།།