ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོག་རྒྱུ་གཏན་ཁེལ་ཡོད་པ།
ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས་ཞེས་གསུངས་པ་བཞིན། གྲོས་ཚོགས་ཀྱི་ནང་དུའང་༸གོང་ས་མཆོག་གི་བཀའ་བཞིན་གསལ་པོ་བཟོ་དགོས་སྐོར་གསུངས་མཁན་མང་པོ་བྱུང་ཡོད་པ་རེད། དེའི་སྐོར་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་དོན། དུས་ཚོད་གཏན་འབེབ་ཀྱིས་ཉན་ཞིབ་ཀྱི་ལས་རིམ་ཞིག་བཞག་ཡོད། ལས་རིམ་དེའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགན་བཞེས་མྱོང་བའི་བཀའ་བློན་ཁྲི་ཟུར་རྣམ་པ་དང། བཀའ་ཟུར་རྣམ་པ། དེ་བཞིན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་གདན་འདྲེན་ཞུས་ཡོད། འོན་ཀྱང་དེ་རིང་རྒྱ་གར་དང་བལ་ཡུལ་སོགས་ཉེ་འགྲམ་ལ་བཞུགས་མཁན་མ་གཏོགས། ཕྱི་རྒྱལ་དུ་ཡོད་མཁན་ཚོ་དུས་ཚོད་རིང་པོ་མེད་པའི་རྐྱེན་གྱིས་གདན་འདྲེན་ཞུ་ཐུབ་མ་སོང་ཞེས་དང། དེ་བཞིན་ཉན་ཞིབ་ཀྱི་ལས་རིམ་དེ་ཐེངས་དང་པོ་མིན་པར་དེ་སྔོན་༸གོང་ས་མཆོག་གི་སྐུ་ཚབ་སྦྲེལ་པོ་དང། བཀའ་བློན་སོགས་འཚོགས་ནས་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་ཆེད་དུ་འཚོགས་པ་རེད། དེ་རིང་གི་ཉན་ཞིབ་ལས་རིམ་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང།།
ཉན་ཞིབ་ཀྱི་ལས་རིམ་འཚོག་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་ལ་སྤྲད་པའི་བསམ་འཆར་ཡིག་ཆ་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་མིན་ཚུལ་དང། ད་དུང་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་སོགས་སྤྱི་ཚོགས་ནང་གླེང་བཞིན་པ་དེ་དོན་དངོས་གང་ཡིན་གསལ་པོ་བཟོ་ཆེད་དུ་ཡིན་པ་རེད།།
