བཀའ་ཁྲི་ཟུར་པ་གཉིས་ཀྱི་ཉན་ཞིབ་སྐབས་ཀྱི་དགོངས་ཚུལ།

ཁོང་གིས་མུ་མཐུད་རྒྱ་ནག་ལ་སྤྲད་པའི་རང་སྲིད་རང་སྐྱོང་གིི་ཡིག་ཆའི་སྐོར་ལ་གསུང་དོན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་སྐུ་ཚབ་ཐེངས་བརྒྱད་པའི་སྐབས་སྤྲད་པའི་ཡིག་ཆར་སྐྱོན་ཞིག་འདུག་བསམ་གྱི་འདུག་ཅེས། རྒྱ་ནག་གིས་མི་རིགས་ལྔ་བཅུ་ང་དྲུག་ཏུ་ཆ་བགོས་བྱས་པའི་ནང་བོད་རིགས་དེ་མི་རིགས་གཅིག་ཏུ་ངོས་འཛིན་བྱས་མེད་པར། བོད་རིགས་གནས་སྡོད་བྱེད་ས་ལ་ཆང་རིགས་ཟེར་བ་ལྟ་བུའི་མིང་འདྲ་མིན་བོད་ཀྱི་ས་གནས་ཁམས་དང་ཨ་མདོའི་ས་ཆ་ཁག་གི་ནང་དུ་ཡོད་པ་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་སྔོན་མ་མི་རིགས་བོད་པའི་རིགས་མ་ཡིན་པ། ༡༩༥༩ སྔོན་ནས་བོད་ཀྱི་ས་གནས་གང་སར་ཡོང་ནས། བོད་རིགས་མ་ཡིན་ནའང། བོད་པའི་ཆོས་དང་གོམས་གཤིས་ཚང་མ་གཅིག་པ་ཆགས་ནས། བོད་པ་ཡིན་པ་དང་བོད་ཀྱི་ཆབ་འབངས་ཆགས་བསྡད་ཡོད་པའི་རིགས་ཀྱང། བོད་རིགས་ཡོངས་ཟེར་བའི་ནང་དུ་འདུས་ཀྱི་མེད་པས་ཁོང་ཚོ་ཡང་བློ་ཕམ་ཡོང་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་པ་རེད།
ཡང་བོད་རིགས་ས་ཁུལ་ཡོངས་རྫོགས་ཞེས་པའི་སྐོར་ཁོང་གིས་གསུང་དོན། བོད་རིགས་ས་ཁུལ་ཡོངས་རྫོགས་ཞེས་པ་དེ་རྒྱ་ནག་གིས་རྩ་ཁྲིམས་འོག་ནས་ས་ཆ་བགོ་སྟངས་དེ་བོད་རིགས་ཡིན་ནའང། བོད་རིགས་ས་ཁུལ་གྱི་ནང་དུ་ཚུད་མེད་པའི་སྡེ་བ་མང་པོ་ཡོད་པས། བོད་འབངས་ཡོངས་རྫོགས་ལ་བདག་སྐྱོང་བྱེད་ཐུབ་མེད་སྐོར་ཡང་ངོ་སྤྲོད་གནང་རྗེས། ཁོང་གིས། ག་རེ་ཡིན་མིན་ལ་མ་ལྟོས་པར། ང་ཚོས་གསུངས་ཚར་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་ན། གང་ཡང་ཞུ་རྩིས་མེད་ཀྱང། རྒྱ་ནག་གིས་ངོས་ལེན་བྱེད་རྒྱུའི་ཚབ་ལ་དེ་ལས་སྡུག་པའིི་གཏམ་བཤད་བྱས་ཡོད་པ་རེད་ཅེས་རྒྱ་ནག་གིས་བོད་ལ་སྐྱོན་བརྗོད་བྱས་པ་ཁག་ལུང་འདྲེན་གནང་བ་སོགས་དགོངས་ཚུལ་ཟབ་རྒྱས་གསུངས་ཡོད་པ་རེད།
བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས། སོ་སོ་ཡིན་ན་དོགས་པ་རྣམ་རྟོགས་མང་པོ་ཡོད་མཁན་ཡིན་ཡང་ད་ཐེངས་གསལ་པོ་གསལ་རྐྱང་ཆགས་སོང་ཞེས་དོན་གནད་གཉིས་དེ་གསལ་པོོ་ཆགས་པའི་སྐོར་གསུངས་རྗེས། རྒྱ་ནག་ལ་འབྲེལ་བ་བྱེད་སྐབས། བོད་ནང་གི་བོད་མི་དཔོན་རིགས་ཁག་ཅིག་ཀྱང་གཏོང་གི་ཡོད་པས། མ་འོངས་པར་རང་སྐྱོང་ལྗོངས་ཀྱི་བོད་མི་རྐྱང་རྐྱང་རྒྱ་ནག་གིས་བཏང་ནས། བོད་པའི་བར་གྱི་རྙོག་གྲ་ལྟ་བུ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པས། དེའི་རིགས་ལ་གཟབ་དགོས་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཁོང་གིས་རྒྱ་ནག་མཉམ་དུ་འབྲེལ་བ་ག་ཚོད་གནང་ནའང། རྒྱ་ནག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་མ་གཏོགས། བཟང་ཕྱོགས་ཀྱི་རྣམ་འགྱུར་ཙམ་ཡང་མཐོང་གི་མི་འདུག མུ་མཐུད་འབྲེལ་བ་གནང་ན་ཕན་ཐོགས་ཤིག་ཨེ་ཡོད་ན་བསམ་གྱི་འདུག་མོད། གཞུང་གིས་སྲིད་ཇུས་མུ་མཐུད་རྒྱུ་ཡིན་སྐོར་གསུང་གི་ཡོད་པས། སྤྱིར་བཏང་བོད་རང་དབང་རང་བཙན་ཞིག་བྱུང་ན་བསམ་སྟེ། བློས་གཏོང་མ་ཐུབ་པ་ཞིག་བོད་རིགས་ཡོངས་ལ་ཡོད་པ་རེད་མོད།     བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་རང་སྲིད་རང་སྐྱོང་ཞིག་ཡོང་ནའང་དགའ་བསུ་ཞུ་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།།