མིག་ཆུའི་ལས་དབང་།
བདེ་སྐྱིད་ཉི་མས་གསོ་བའི་མེ་ཏོག་གི་བཀྲ་མདངས།།
མ་རུང་ཐོག་གིས་བརྡུང་ཚེ་སྦྲང་ཆུང་གི་སེམས་པ།།
མགོན་མེད་འདམ་དུ་ལྷུང་བའི་སྣང་བ་ཞིག་ཤར་དུས།།
འཆི་བའི་ལས་ལ་འཇིགས་མེད་མིག་ཆུ་ཡི་ལས་དབང་།།
བདེ་མོ་ཐང་ལ་འདུག་དུས་ཕན་ཚུན་གྱི་བརྩེ་དུང་། །
སྨྲ་བའི་གཏམ་གྱི་འཁོར་ལོ་འགག་མེད་དུ་སྐོར་ཡང་། །
དངོས་སུ་དོན་ལ་མི་གནས་བདེན་རྫུན་གྱི་དབྱེ་བ། །
འབྱེད་པས་རེ་དོགས་བྲལ་བའི་མིག་ཆུ་ཡི་ལས་དབང་། །
མདུན་ལམ་གཞན་ལ་སྐྱོར་བ་བླུན་པོ་ཡི་བྱ་བ། །
སྙན་པོའི་ཚིག་ལ་ཆགས་པ་བྱིས་པ་ཡི་སྣང་བ། །
བདེ་སྡུག་བསུ་མདོ་སླེབས་དུས་ཆ་མེད་དུ་གྱུར་པ། །
སྐྱེ་བའི་མི་ཚེ་རིན་ཐང་མིག་ཆུ་ཡི་ལས་དབང་། །