བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཞེས་པའི་ཉིན་མོ།

རྒྱལ་སྤྱིའི་ཐོག་ནས་དཔོན་རིགས་དང་མི་མང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་གྱིས་སྐྱོན་བརྗོད་རིམ་པ་མང་པོ་བྱས་ཡོད་ལ། བོད་ནང་ནས་ཀྱང་དམག་མིས་དྲག་གནོན་ཡོད་མེད་ལ་མ་ལྟོས་པར། བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་ནའང། རྒྱ་ནག་གཞུང་གིས་དེ་ལྡོག་པའི་གཏམ་བཤད་བྱས་འདུག དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མ་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་ནས། མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ཞིག་རྒྱ་ནག་པེ་ཅིང་དུ་གོ་སྒྲིག་བྱས་ཡོད་པ་དང། སྐབས་དེར་བོད་ཀྱི་སྤྱི་ཚོགས་རྙིང་པ་ཟེར་བའི་འགྲེམས་སྟོན་ཁང་ཞིག་སྒོ་ཕྱེས་ནས། དེའི་ནང་བོད་ཀྱི་བླ་ཆེན་མི་དྲག་དང་། འབྱོར་ལྡན་སོགས་ཀྱིས་མི་མང་ལ་བཤུ་གཞོག་བཏང་པའི་སྐོར་སོགས་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་དང་བསྟུན་ནས། ལོ་བསྟར་ཆགས་སུ་ཟླ་བ་༣ ཚེས་༢༨ ནམ་ཡིན་ལ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སྲུང་བརྩི་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་ལྟར། ཟླ་འདིའི་ཚེས་༢༨ ཉིན་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་ནས་མི་ལོ་༥༡ འཁོར་བའི་དྲན་གསོའི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
ལོ་རྒྱུས་ནི་དྲང་བདེན་ཡིན་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་ འགྲོལ་བཏང་བ་ནི་བླ་ན་མེད་པ་དང་དྲང་བདེན་ཞིག་རེད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་ཀྱང་མུན་ནག་དང་གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཆེ་བའི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་པས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བོད་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ༥ ཡང་མ་ཟིན་པའི་ཞིང་བྲན་བདག་པོར་དབང་བ་དང། རིམ་པ་ནན་པོ་དབྱེ་བའི་ལམ་ལུགས་དང་གདུག་རྩུབ་ཆེ་བའི་ཁྲིམས་བཙན་ལུགས་བཙན་གྱིས་མི་དམངས་ཀྱི་ལུས་སེམས་ལ་མནར་གཅོད་གཏོང་གི་ཡོད་པ་དང༌། ཞིང་བྲན་ཁྲི་ཚོ་བརྒྱར་རང་གི་གྲིབ་གཟུགས་མ་གཏོགས་གང་ཡང་མེད་པས་ཆེས་གདུག་རྩུབ་དང་ཡ་ང་བའི་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་མེད་སོར་གནས་སུ་ལུས་པ་དང་བཀག་སྡོམ་དང་ཉམས་གུད་ཀྱི་གནས་སུ་ལུས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་མི་དམངས་ཀྱི་རེ་བ་རྟོགས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཏཱ་ལའི་རུ་ཚོགས་ཀྱིས་དྲག་པོའི་ཟིང་འཁྲུག་བསླངས་པ་ཞོད་འཇགས་བཏང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་རྦད་དེ་བཅིངས་འགྲོལ་བཏང་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་གཏོང་བའི་དྲང་བདེན་བྱ་གཞག་ཅིག་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་སེམས་ནང་ནམ་ཡང་གནས་པའི་ནུབ་ཐབས་མེད་པའི་རྡོ་རིང་ཞིག་རེད་ཅེས་བརྗོད་འདུག།།