བོད་ཀྱི་བུད་མེད་སྐོར་གླེང་བ།

བུ་ མོ་རང་ལོ་བཅུ་གསུམ་ཙམ་ལ་སོན་དུས་ཟླ་མཚན་བབ་པའི་གློ་བུར་བའི་གཟུགས་ཕུང་གི་ འགྱུར་ལྡོག་ཆེས་ཆེར་འབྱུང་བར་བརྟེན།དུས་མཚུངས་སུ་བུ་མོའི་སེམས་ཁམས་ལའང་ རྒྱུན་དུ་གནོན་ཤུགས་ཤིག་འཕྲད་བཞིན་པ་ཡིན།དེ་ཡང༌།གཟུགས་ཕུང་གི་འགྱུར་ལྡོག་ དེར་རིམ་བཞིན་གོམས་འདྲིས་སོང་རྗེས་སླར་ཡང་ལུགས་མཐུན་དང་གུ་ཡངས་ཀྱི་མདུན་ལམ་ དུ་རྒྱུ་མོད།དེ་ནས་ལོ་ངོ་བཅུ་གྲངས་ཀྱི་རྗེས་སུ་གཞོན་ནུ་མ་ཕལ་ཆེར་ལང་ཚོ་དར་ ལ་བབ་པའི་སྐབས་སུ་ཁྱིམ་ཚང་གི་ལས་སྒོར་འཇུག་པ་དང༌།ཁྱིམ་གཞིའི་རྒས་འཁོགས་དང་ བུ་རྒྱུད་གསོ་སྐྱོང་དགོས་ལ།ཕྲུ་གུ་སྐྱེད་སྲིང་གི་གོ་རིམ་ཁོ་ནས་ཀྱང་བུད་མེད་ རྣམས་ཕོ་དང་མི་འདྲ་བ་གྱ་གྱུར་གྱི་ལམ་བུར་ཞུགས་དགོས་པར་རྟོགས་ཐུབ།མངལ་འཁོར་ བའི་བུད་མེད་ཚོའི་གཟུགས་ཕུང་འཕྲོད་བསྟེན་འཐུས་ཚང་བྱུང་མིན་སོགས་ལ་བརྟེན་ནས་ དམིགས་བསལ་མོ་ནད་རིགས་གང་མང་གིས་ཀྱང་མོ་ཡི་ལུས་སེམས་གཉིས་ལ་དཀའ་སྡུག་སྣོན་མ་ཞིག་འཕྲད་བཞིན་པ་རེད།གནས་སྟངས་དེ་དག་ལ་བརྟེན་ནས་བུད་མེད་ནི་ཕོ་དང་མི་འདྲ་ བར་མི་ཚེའི་ནང་དུ་གཟུགས་ཕུང་གི་གནས་སྟངས་ཐད་འགྱུར་ལྡོག་བསྟུད་མར་འགྲོ་བཞིན་ པ་དེས་བུད་མེད་ཚོའི་སེམས་ཁམས་ལའང་གནོད་སྐྱོན་ངེས་ཅན་ཐེབས་བཞིན་པ་ཡིན།འདི་ ནི་ཁོ་མོས་བརྗོད་བསམ་པའི་ཕོ་མོ་འདྲ་མཉམ་མིན་པའི་ཕྱོགས་གཅིག་གི་རྒྱུ་མཚན་ ཡིན་ཞིང༌།བུད་མེད་ཀྱི་གཟུགས་ཕུང་གི་འགྱུར་ལྡོག་དེ་དག་སུས་ཀྱང་སྣང་མེད་ སྐྱུར་ནས་སྤྱི་མཚུངས་ཀྱི་ལྟ་སྟངས་འཛིན་མི་རུང་ཞིང༌།བསམ་ཤེས་དང་རྒྱུས་ལོན་ གྱིས་དཀའ་ངལ་དེ་དག་སེལ་ཐབས་བྱེད་ན་དགེ་མཚན་ཆེ་བར་སྙམ།
ཡང་སེམས་ཀྱི་ཉམས་རྟོགས་དང་རྫུ་འཕྲུལ་བསམ་གྱི་མི་ཁྱབ་པ་ཡོད་ཟེར་མཁན་ཚོས་ཚང་ མ་སེམས་ཀྱིས་བྱས་པ་ཡིན་སྟབས།སེམས་ཀྱི་རྟོགས་པ་རྒྱས་ན་གཟུགས་ཕུང་གི་དཀའ་ སྡུག་ཀྱང་ཡལ་འགྲོ་ཚུལ་བཤད་སྲིད་ནའང༌།འདིར་ངས་བཤད་བསམ་པ་ནི།སྐྱེ་བོ་ཀུན་གྱི་ ཕུང་པོ་ཤ་ཁྲག་གིས་གྲུབ་ཅིང༌།སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱིས་མནར་བཞིན་པ་ འདི་ལ་བཤད་པ་ལས།སེམས་ཀྱི་ཉམས་རྟོགས་ཡོད་རབ་ལ་བསྙད་དེ་སྤྱི་དམངས་རྣམས་ལུས་ སེམས་གཉིས་དམ་དུ་འབྲེལ་བའི་གནས་སྟངས་དངོས་ལ་འུར་བཤད་བྱེད་ན།མང་དག་ད་དུང་ཡང་ སྡུག་བསྔལ་ལས་གྲོལ་ཐབས་མ་བྱུང་བས།མིག་བཙུམ་ནས་ཁེངས་དྲེགས་ཀྱི་འུར་བཤད་འདྲ་ བྱེད་ན་རྒྱུ་མཚམ་ཆུང་ངོ༌།།ཁོ་མོས་བསམ་ན་ཕོ་མོ་གཉིས་ཀྱི་གཟུགས་ཕུང་དང་སེམས་ཁམས་ལ་དབྱེ་བ་ཆེ་ཙམ་ཡོད་པ་མ་ཟད།ཁོར་ཡུག་ལ་གཙོ་བོར་བརྟེན་ནས་
སེམས་སྐྱེད་ཀྱི་རྒྱུད་རིམ་ལའང་མི་མཚུངས་ས་དུ་མ་ཡོད་སྟབས།ལུས་སེམས་གཉིས་ཀྱི་ རྒྱུད་ལམ་མི་འདྲ་བ་གཉིས་ལ་གཅིག་མཚུངས་ཡོང་བར་དཀའ་ཁག་དུ་མར་ཡོད་པ་ལས།བུད་ མེད་ཀྱི་ལུས་སེམས་གནས་སྟངས་རྟོགས་ནས་བུད་མེད་ཀྱི་ལུས་སེམས་གཉིས་ཀ་ཡར་རྒྱས་ གཏོང་ཐབས་སྐོར་ཆེད་ལས་ཀྱི་ལམ་བུ་ཞིག་གཏོད་ཐུབ་ན།ད་ལྟའི་ཆར་བུད་མེད་མང་ཆེ་བ་ ལ་མཚོན་ན་དགེ་མཚན་ཆེ་བ་ཡོད་པར་མཐོང༌།

འོན་ཀྱང་ཀུན་གྱིས་ཤེས་དགོས་པ་ཞིག་ལ།འདིར་གླེང་གཞིའི་ཕོ་མོ་འདྲ་མཉམ་ནི། སྤྱིའི་ཆ་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་དང༌།བསམ་བློའི་ཤེས་རིག་དང་དེ་ལས་ བྱུང་བའི་ནུས་པ་བཅས་ཀྱི་ཕོ་མོ་འདྲ་མཉམ་ཡིན་ཏེ།ནང་པ་སངས་རྒྱས་པའི་ཆོས་ལུགས་ ནང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་འཚང་རྒྱ་བའི་ས་བོན་གཅིག་མཚུངས་སུ་ ཡོད་པར་གསུངས་པ་དང༌།ཚན་རིག་པས་ཕོ་མོ་གཉིས་ལ་ཐོག་མ་ཉིད་ནས་འདྲ་མཉམ་གྱི་ནུས་ པ་ལྡན་ཡོད་པར་བཤད་ཡོད།དེས་ན།གཅིག་མཚུངས་ཀྱི་ནུས་ཤུགས་ཡོད་པའི་རྨང་གཞིའི་ ཐོག་ནས་འདྲ་མཉམ་གྱི་གྲུབ་འབྲས་ཐོན་དགོས་པ་ལས་ལྡོག་སྟེ།བོད་ཀྱི་བུད་མེད་ཚོ་ ཕོ་ལས་ཀྱི་དོན་དག་ལས་ཆེས་རྗེས་ལུས་ཐེབས་ཡོད།རྒྱུ་མཚན་ནི།བུད་མེད་ཚོས་ནང་ལས་ དང་ཕྲུ་གུ་གསོ་སྐྱོང་གི་ལས་བྱའི་ཐད་དུས་ཚོད་ཕངས་མེད་བཏང་དགོས་པ་དང༌།ཕོ་ནང་ བཞིན་རང་དབང་ཚད་དང་ལྡན་པའི་ཐོག་ནས་སོ་སོའི་མདུན་ལམ་གདམ་ཁ་དང༌།དེའི་སྐོར་ལ་ སྦྱོང་བརྡར་དང་ལས་འཇུག་གི་གོ་སྐབས་འཐུས་ཚང་ཞིག་མ་འབྱུང་བ་ལས།བུད་མེད་ཚོས་མ་ འཇོན་པའི་ཁག་དཀྲི་ས་གཞན་ཞིག་བཙལ་ཀྱང་རྙེད་ཚོད་མི་འདུགདེར་བརྟེན་བུད་མེད་ རྣམས་ལའང་ཤེས་རིག་སྦྱོང་བརྩོན་ལ་འབད་འབུངས་ཀྱི་གོ་རིམ་འདྲ་མཉམ་ཞིག་ཡོང་ཐབས་ དགོས་པ་དང༌།འདྲ་མཉམ་གྱིས་སྤྱི་ཚོགས་ཡོངས་ཀྱི་ལས་དོན་སྣ་ཚོགས་སུ་འཛུལ་ཞུགས་ ཐོག་ནས་རང་ངོས་ནས་ཁྱད་ནུས་འདོན་སྤེལ་དགོས་པ་རེད།དཔེར་ན།ལོ་རྒྱུས་ཐོག་བོད་ པའི་སྐྱེད་མ་ལ་ལས་ཁྱད་འཕགས་ཀྱི་བྱས་རྗེས་འབུར་དུ་ཐོན་ཐུབ་པ་བྱུང་ཡོད་པ་ནི། བོད་ཀྱི་བུད་མེད་ཚོས་འཇོན་ནུས་ལྡན་པར་ར་སྤྲོད་བྱུང་བ་མ་ཚད།སྐབས་འགར་བུད་ མེད་སོ་སོའི་དམིགས་བསལ་གྱི་ཉམས་རྟོགས་ལ་བརྟེན་ནས་སྐྱེས་པ་ཕོ་ལས་འཇོན་ཐང་ཆེ་ བའི་གསལ་སྟོན་ཡང་བྱས་ཡོད།
མདོར་ན།ཕོ་མོའི་ལུས་སེམས་གཉིས་ཀྱི་ཆགས་ལུགས་ཐད་ཕོ་མོ་འདྲ་མཉམ་མིན་པའི་ཁྱད་ པར་ཡོད་ཀྱང༌།ཕོ་མོ་གཉིས་ཀ་འགྲོ་བ་མི་ཡིན་པའི་ཆ་ནས་བློ་གྲོས་དང་ཤེས་རིག་བཅས་ ཀྱི་ཐད་དུ་འདྲ་མཉམ་གྱི་ནུས་པ་ལྡན་ཡོད་པ་ཧ་ཅང་གསལ་པོ་ཡིན།

བོད་པའི་སྤྱི་ཚོགས་སུ་བུད་མེད་ལ་མཐོང་ཆུང་ཚད་གཞི་བརྒལ་མིན་ལ་ཤར་གླིང་ ཡུལ་གྲུ་མང་པོ་དང་བསྡུར་ན།སྤྱིའི་ཆ་ནས་ཅུང་གུ་ཡངས་སུ་ལྡན་ཡོད་རུང༌།ཤར་གླིང་ ཡུལ་གྲུ་ཀུན་གྱི་མི་རིགས་རྣམས་རང་གཤིས་བག་འཁུམ་དང་མིག་རྒྱང་ཐུང་བ།རུལ་སུངས་ ཀྱི་ལམ་ལུགས་རྫོབ་པོས་ཕོ་མོ་གཉིས་ལ་ཕྱི་ནང་གསང་གསུམ་བློ་ཤེད་མ་རྫོགས་པའི་ གནོན་ཤུགས་རྒྱུན་རིང་འཕྲད་ཡོད་པ་མ་ཚད།ལྷག་པར་དུ་བུད་མེད་ཚོར་རྒྱུན་དུ་ མཁྲེགས་འཛིན་གྱི་ལོག་ལྟ་ནས་ད་དུང་ཡང་ལུས་སེམས་གཉིས་ཀྱི་འཆིང་ཐག་ལས་ཐར་ཐུབ་ ཀྱི་མེད་པ་སྨྲོས་མེད་ཅིག་རེད།

བོད་གཞིས་བྱེས་གཉིས་སུ་བུད་མེད་ཀྱི་གནས་སྟངས་སྙིང་བསྡུས།

གཞིས་བཞུགས་བོད་ཀྱི་མ་ཡུམ་ཚོར་ཕྱི་ནང་གསང་གསུམ་གྱི་གཉའ་གནོན་འཕྲད་ཅིང་ སྐྱོ་ངལ་གྱི་གནས་སྟངས་ནི་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་རེད།དཔེར་ན་ཉེ་དུས་བོད་ གཞིས་སུ་སྤྲེལ་ཚའི་རིགས་རྒྱུད་ཚོས་གངས་ཅན་པའི་ཕ་ས་ཡོངས་རྫོགས་ནས་སྲིད་དབང་ དྲག་རྩུབ་པར་ངོ་རྒོལ་གྱི་རྣམ་པ་མཚོན་ཡོད་ལ།བོད་པའི་རང་དབང་དང་བདེན་དོན་འཐབ་ རྩོད་ཀྱི་ཆེད་དུ་ལུས་ངག་ཡིད་གསུམ་གྱིས་ལེགས་སྐྱེས་འབུལ་བ་དང༌།ཁ་བ་རི་བའི་ དཔའ་ངར་དང་རིན་ཐང་རྒྱལ་སྤྱིའི་མདུན་ནས་གསལ་སྟོན་ཐེངས་ཤིག་བྱས་ཡོད་པ་རེད།དེ་ ཡང་བོད་གཞུང་དམངས་ཛ་དྲག་ཚོགས་ཆུང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་སོགས་ ལག་སོན་བྱུང་བའི་རྒྱུ་ཆ་ཁག་ལྟར་ན།ཕྱི་ལོ་༢༠༠༨ཀྱི་གསུམ་བཅུ་དུས་དྲན་ནས་བོད་ ཞི་བའི་སྒེར་ལངས་ཆེན་མོའི་ནང་དུ་རྒྱ་གཞུང་དྲག་གནོན་གྱིས་བུད་མེད་གྲངས་༢༣ཙམ་ དམར་གསོད་བཏང་ཡོད་པ་དང༌།བུད་མེད་མང་དག་ཅིག་གི་ཁྱོ་བོ་དང་སེར་སྐྱ་གཉིས་ཀྱི་ སྤུན་ཉེ་བཙོན་དུང་གི་མུན་ནག་ཏུ་ལྷུང་བའི་རྐྱེན་གྱིས་ལུས་སེམས་གཉིས་ལ་མནར་ གཅོད་བཟོད་ཐབས་མེད་པ་སྣ་ཚོགས་མྱོང་བཞིན་པ་དང༌།དེ་མིན་བཙུན་མ་མང་པོ་ཞིག་ཀྱང་ བཙོན་འཇུག་དང་མནར་གཅོད་ཀྱི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རེད།དེ་དག་གི་ནང་ དུ་རྒྱ་གཞུང་གི་ལས་སྒོར་ཡོད་པའི་བུད་མེད་རྩོམ་པ་པོ།གཞས་མ་དང་མཐོ་འབྲིང་ སློབ་མ་སོགས་ཡོད་པ་རེད།དེས་ན་གཞིས་བཞུགས་སྤུན་ཟླའི་མ་ཡུམ་ཚོར་རྨང་གཞིའི་རང་ དབང་གི་འཚོ་སྤྱོད་དང་འགྲོ་བ་མི་ཡིན་པའི་ཆ་ནས་སྨྲ་བརྗོད་ཀྱི་རང་དབང་ཙམ་མེད་ པར།འདོད་རྔམ་དང་ཧམ་སེམས་ཀྱིས་རྒྱ་ཁྱབ་སོང་ཚར་བའི་སྤྱི་ཚོགས་ཁོར་ཡུག་དེའི་ ནང་དུ་སྨག་རུམ་མུན་པ་ལྟ་བུའི་སྡུག་སྦྱོར་སྣ་ཚོགས་མྱོང་བཞིན་པ་རེད།

ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ལ་མཚོན་ན།བོད་ནང་གི་བུད་མེད་མང་ཆེར་ཞིང་ འབྲོག་གཉིས་སུ་ནང་ལས་དང་གཡོག་ལས།ཕྲུ་གུ་སྐྱེ་འཕེལ་གྱི་ཡོ་བྱད་བཞིན་དུ་གྱུར་ ཡོད་པ་མ་ཟད།རྒྱ་ནག་གཞུང་གི་སློབ་གྲྭ་ནས་ཉུང་ཙམ་ཐོན་ཐུབ་པ་བྱུང་ཡང༌།གང་ཅིའི་ ཐད་ནས་རང་དབང་མེད་པར་བག་འཁུམ་དོ་ནན་གྱི་སྲིད་ཇུས་འོག་སྡུག་སྦྱོང་ལྷག་མ་ཞིག་ མྱོང་བཞིན་ཡོད་ལ།བུད་མེད་ཚོར་ཕན་པའི་ཡིན་ལུགས་ཀྱི་སྣེ་ཁྲིད་ཅིག་དང་རྒྱུད་ རིམ་ཞིག་ནམ་ཡང་བྱུང་མྱོང་མེད།སྤྱི་ཚོགས་ཟང་ཟིང་གི་གཡོ་འོག་ཏུ་ཚུད་རྗེས་བུད་ མེད་མང་ཆེ་བ་སོ་སོའི་སེམས་འདུན་དངོས་དང་ལྡོག་ནས་རང་གཞན་གཉིས་ཕུང་གི་ལས་སུ་ མི་འཇུག་ཀ་མེད་ཀྱང་གྱུར་བཞིན་པ་རེད།དམར་ཤོག་གཙོ་འཛིན་མའོ་ཙེ་ཏུང་གིས་བུད་ མེད་ཀྱིས་གནམ་གྱི་ཕྱད་ཀ་འདེགས་ཐུབ་ཅེས་པའི་སྐད་ཆ་འུར་བརྗོད་ཅིག་བྱས་མྱོང་ ཡང༌།ཁོ་རང་གང་ཟག་སྒེར་གྱི་དགོས་མཁོ་དང་སྨྱོ་ཧམ་ལ་བརྟེན་ནས།འཚོ་བའི་དངོས་སུ་ ཁོ་པོའི་ཉེ་འཁོར་གྱི་བུད་མེད་མང་པོར་ལུས་སེམས་གཉིས་ལ་མངོན་སུམ་གྱིས་མཐོང་ ཆུང་དང་དམའ་འབེབས་བྱས་ཡོད།ལ་ལས་མོའོ་ཡིས་འུར་བརྗོད་ཚིག་གཅིག་གིས་བུད་མེད་ ཚོར་མཐོང་ཆེན་སྤྲད་རབ་བཤད་པ་ནི་དོན་དངོས་ལ་མ་དཔྱད་པའི་སྨྱོ་བཤད་ཁོ་ནར་ཟད་ དོ།།དེ་བཞིན་དེང་གི་དུས་སུ་ཡང་རྒྱ་གཞུང་གིས་དབང་བསྒྱུར་འོག་མ་ཡུམ་ཚོར་ད་ དུང་དམར་པོའི་བསླུ་བྲིད་འོག་ནས་འགྲོ་བ་མི་ལྟར་གཅིག་མཚུངས་ཀྱི་མཐོང་སྣང་མེད་ ལ་ངན་པའི་སྡོམ་རྒྱ་ལས་ཐར་ཐབས་བྱུང་མེད།

བཙན་བྱོལ་ནང་དུ་འབྱོར་བའི་བོད་ཀྱི་སྐྱེད་མ་རྣམས་གཙོ་བོ་ྋགོང་ས་རྒྱལ་བའི་ དབང་པོ་གཙོས་པའི་རང་གཞུང་གི་བག་ཡངས་དང་རང་དབང་མང་གཙོའི་སྲིད་ཇུས་ལག་བསྟར་ དངོས་སུ་འགོ་བཙུགས་ནས་བཟུང༌།བོད་ཀྱི་བུད་མེད་ཚོས་རྒྱལ་ཁམས་མཐོང་བའི་མིག་ རྒྱང་སྲིང་འགོ་ཚུགས་པ་དང༌།ཉུང་མཐའ་ཡང་རང་ལུས་རང་ལ་དབང་ཞིང་རང་སེམས་རང་གིས་ བཙུན་པར་བྱེད་ཆོག་པའི་སྐལ་བཟང་གི་གོ་སྐབས་ཤིག་ཤར་ཏེ།ཡུལ་གྱར་བུད་མེད་ཚོས་ ཀྱང་ཤེས་ཡོན་རྭ་བར་དངོས་སུ་ཞུགས་ཤིང་ཕོ་དང་གཅིག་མཚུངས་ཀྱིས་གངས་ཅན་པའི་ གཞུང་དམངས་གཉིས་ཀ་ཡར་རྒྱས་དང་གོང་འཕེལ་བཏང་བའི་དགའ་སྤོབས་ཀྱི་ལས་མང་སྒྲུབ་ བཞིན་པ་དང༌།ཤེས་འཇོན་གཉིས་དང་ལྡན་པའི་ཡར་ཐོན་གྱི་བུད་མེད་མི་ཉུང་བ་ཞིག་ བྱུང་ཡོད་པ་རེད།

བཙན་བྱོལ་བུད་མེད་ལ་མཚོན་ན།རྩ་བའི་རང་དབང་གི་རྒྱབ་བརྟེན་ཡོད་ཀྱང་ད་དུང་ སྤྱིའི་ཆ་ནས་སྒྱིད་ལུག་གི་རྣམ་པ་ལྡན་པས་ལེགས་བཅོས་དང༌།ལུས་སེམས་གཉིས་ཀྱི་ སྤུས་ཚད་དང་ཉམས་རྟོགས་ཡར་རྒྱས་ཀྱི་གོམ་ཁ་བསྒྱུར་དགོས།བུད་མེད་ཀྱི་བྱ་བ་ཡར་ རྒྱས་གཏོང་ཕྱོགས་དང་འབྲཻལ་ནས་འཐུས་ཚང་གི་གོ་རིམ་དང་སྒྲིག་གཞི་ཞིག་མེད་ རྐྱེན།བུད་མེད་ཀྱི་དོན་དག་མང་པོ་ཞིག་ད་དུང་འགོ་བརྩམ་རྒྱུར་སེམས་ལ།དམིགས་ བསལ་མ་འོངས་པར་སློབ་གླིང་དུ་བརྩོན་འགྲུས་ལྷོད་མེད་དུ་བརྩོན་བཞིན་པའི་འཛིན་ རིམ་བཅུ་གཉིས་ཡས་ཀྱི་མཐོ་སློབ་གཞོན་ནུ་མའི་གནས་སྟངས་ཐད་ཆེད་དུ་ཞིབ་འཇུག་དང་ ལེགས་ལམ་དུ་མྱུར་སྤྱོད་བྱ་ཐབས་ཐད་གཞུང་སྒེར་གཉིས་ནས་དངུལ་དངོས་ཀྱིས་མཐུན་ འགྱུར་གང་ཐུབ་བསྐྲུན་ཐབས་དགོས་པར་མཐོང༌།ད་ཆར་ང་ཚོའི་སྤྱི་ཚོགས་གང་སར་སྤྱི་ སྒེར་གཉིས་ལ་ཞབས་འདེབས་ཞུ་བཞིན་པའི་བུད་མེད་ཚོའི་ལས་རིགས་ཁག་དང༌།མ་བུ་སྲུང་ སྐྱོབ་དང་བུད་མེད་ཀྱི་ཆེད་ལས་ཕྲུ་གུ་སྐྱེ་འཕེལ་དང་ནང་ལས།གཞས་ཞབས་བྲོ་དང་ གླུ་གར་གྱི་ལས་རིགས།གཟུགས་ཕུང་འཕྲོད་བསྟེན་དང་འབྲེལ་བའི་མཛེས་དཔྱོད་དང་ལུས་ རྩལ་གྱི་རིགས།རྒྱན་གོས་དང་འབྲེལ་ཡོད་ཚེམ་ལས་བཅས་ལ་སྤྱི་ཚོགས་ཞབས་ཞུའི་ལས་ རིགས་དག་ནས་བུད་མེད་ཀྱི་དམིགས་དཔེར་འོས་པ་དག་ལ་གཟེངས་བསྟོད་དང་དཔལ་འབྱོར་ མཐུན་འགྱུར་གང་ཐུབ་སྦྱོར་དགོས།

མདོར་ན།འཇིག་བརྟེན་ནི་ཕོ་མོ་གཉིས་ཀྱིས་གྲུབ་ཅིང༌།བུད་མེད་ཀྱི་ལས་དོན་ འཐུས་ཤོར་ཕྱིན་པ་ནི་འུ་ཚང་གི་ཁྱིམ་གཞི་ཆེན་མོའི་གྲུབ་ཆ་ཕྱེད་འཐུས་ཤོར་ཕྱིན་ པ་རེད་ལ།བུད་མེད་ཀྱི་ལས་དོན་དང་ནུས་ཤུགས་ཡར་རྒྱས་གཏོང་བ་ནི་ང་ཚོའི་བོད་པའི་ གྲུབ་ཆ་ཕྱེད་ཡར་རྒྱས་གཏོང་བ་ཡིན་པས།བུད་མེད་ཀྱི་ལས་དོན་ཐད་ཕོ་མོ་ཡོངས་ རྫོགས་ཀྱིས་བསམ་གཞིགས་དང་ཡར་རྒྱས་གཏོང་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་ནོ།།

༣དུས་འགྱུར་ཁྲོད་དུ་བོད་ཀྱི་བུད་མེད།

སྐྱབས་བཅོལ་སྤྱི་ཚོགས་ཀྱི་བོད་མི་ཡོངས་རྫོགས་རང་ཡུལ་དགྲ་ལག་ཏུ་ཤོར་བའི་ ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཤག་སྟག་ཡིན་སྟབས།རང་དབང་དང་བདེན་དོན།འགྲོ་བ་མིའི་ ཐོབ་ཐང་དང་འདྲ་མཉམ་གྱི་སྙིང་པོ་བརྩོན་ལེན་བྱེད་པ་ནི་ང་ཚོ་བཙན་བྱོལ་བ་ཚོས་ དོར་ཐབས་མེད་པའི་འོས་འགན་གཙོ་བོ་གྱུར་ཡོད་པ་རེད།དེང་དུས་རྒྱལ་སྤྱིའི་ཆབ་ སྲིད་ལ་འགྱུར་ལྡོག་མང་ནའང་ང་ཚོར་དགོས་པའི་དོན་དག་ད་དུང་ཡང་ནམ་མཁའི་མེ་ཏོག་ བཞིན་རེག་ཐབས་དཀའ་བའི་སྟོང་ཆ་ཞིག་ཡིན་ཕྱིར།བོད་མི་ཡོད་དོ་ཅོག་གིས་བློ་གྲོས་ ཆེར་སྐྱེད་ཀྱིས་ྋགོང་ས་མཆོག་དང་རྒན་རབས་ཚོའི་དུས་ནས་ཛ་དྲག་གི་གནས་སྟངས་ མཐོང་སྟེ།རང་ཡུལ་ལོག་ཐབས་ཀྱི་སྟ་གོན་སྣ་ཚོགས་བརྩམ་དགོས་པ་རེད།དགྲ་བོར་ཁ་ གཏད་བཀྱག་པར་རང་ཕྱོགས་ལ་ནུས་ཤུགས་དགོས་ལ།དགྲ་འགོག་རང་སྲུང་གི་ནུས་ཤུགས་ དེའང་གཙོ་བོ་རང་ངོས་ནས་གསོ་སྐྱོང་བྱེད་རྒྱུ་ལས།སུ་ཞིག་གིས་གནོན་ཤུགས་འོག་ ནས་རག་ཐབས་དཀའ་བ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱིས་དཔང་པོ་གསལ་པོ་བྱས་འདུགབཙན་ བྱོལ་བོད་མི་ཚོས་གཙོ་བོ་ཡུལ་གྱར་གྱི་གནས་སྟངས་རྟོག་དཔྱོད་ཡོད་པའི་སྒོ་ནས་ ངེས་པར་གཅིག་གྱུར་གྱི་རྒྱ་ལས་བརྒལ་མི་རུང་ལ།ཁེར་རྐྱང་གི་ཆབ་སྲིད་ཐབས་ལམ་ གཅིག་པུར་བརྟེན་ནའང་མི་འགྲིག་པ་ཞིག་རེད།དེའི་ནང་དུ་བོད་ཀྱི་བུད་མེད་ཚོས་ བོད་མི་ཡོད་དོ་ཅོག་གཅིག་སེམས་གཅིག་ལ་བསྒྲིལ་ཐབས་དང༌།གཅིག་རྗེས་གཉིས་འཇུག་ རང་གཞུང་གི་དབུ་ཁྲིད་འོག་གཙོ་བོ་རང་གི་ལས་གནས་དང་འབྲེལ་ཡོད་ཀྱི་དོན་དག་ འཐུས་ཚང་རེ་བསྒྲུབ་ཐབས་སུ་འབད་པ་ལྷུར་ལེན་དང༌།ལས་གནས་ཐོག་ནས་རང་ངོས་ཀྱི་ གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་དགོས་པ་རེད།
ཐོག་མར་བཟང་སྤྱོད་ལ་མཆོད་བསྟོད་དབེན་ཞིང་ངན་པར་ཐད་འདོན་མེད་པ་ནི་སྤྱི་ཚོགས་ སུ་ཡར་རྒྱས་ཀྱི་མིག་རྒྱང་བསྲིང་བར་འགོག་རྐྱེན་གཙོ་བོ་ཡིན་ཞིང༌།ངན་པ་ལང་ཤོར་ ཚོར་བཏང་སྙོམས་ཀྱི་ཁོར་ཡུག་ཅིག་སྐྲུན་ཡོད་ཀྱང་ངན་པ་ཡོ་བསྲང་བྱེད་པར་ད་དུང་ ཡང་ཐེ་ཚོམ་ཡོད་པ་ཞིག་ལས་ངེས་ཤེས་རྙེད་ཐབས་དཀའ་བའི་གནས་སྟངས་ཤིག་རེད།ཉུང་ མཐའ་ཡང་དག་གི་ཐབས་ལམ་བརྒྱུད་ནས་བྱ་བ་ལེགས་སྒྲུབ་གནང་མཁན་ཚོར་མིག་དཔེ་ཡར་ལྟ་ བྱེད་དགོས་པ་དང༌།བུད་མེད་ཀྱི་གནས་ཚུལ་ཡང་གཅིག་མཚུངས་ཡིན་ལ།གཞུང་སྒེར་གྱི་ གནད་ཡོད་ལས་གནས་སུ་བུད་མེད་སླེབས་མ་ཐུབ་པ་དེའང་བུད་མེད་ཚོར་སྦྱོང་བརྡར་དང་ རིགས་གཅིག་རྐང་འཛིན་གྱི་ལས་དོན་བརྒྱུད་མཐུད་མ་བྱུང་བའི་སྐྱོན་གྱིས་བྱུང་བ་ ཞིག་ལས་དོན་གཞན་ལ་ཁག་དཀྲི་ས་མེད་སྟབས།བུད་མེད་རང་ངོས་ཀྱི་བརྩོན་འགྲུས་ལྷོད་ པ་མེད་པའི་ཐོག་ནས་གྲུབ་འབྲས་མངོན་ཚན་ཅན་རེ་བཏོན་རྒྱུ་མ་བྱུང་ན།གཅིག་མཚུངས་ ཀྱི་ཐོབ་ཐང་དང་དབང་ཆ་འདྲ་མཉམ་དགོས་ཚུལ་རྐྱང་རྐྱང་བཤད་སྡོད་ན་ཅུང་འཚམས་པོ་ མེད་པ་ལྟ་བུ་ཡིན་གྱི།གཙོ་བོ་བུད་མེད་རང་གི་བྱས་རྗེས་འབུར་དུ་དོད་པ་རེ་གྲུབ་ ཐུབ་ན།དེ་ལ་གཅིག་མཚུངས་དང་འདྲ་མཉམ་མ་བྱུང་ན།ཞུ་གཏུག་གི་སྡེ་ཚན་གོ་རིམ་བཞིན་ ཁྲིམས་ཀྱི་ལམ་སྲོལ་ལྟར་གཞིག་ཆོག་པ་རེད།བུད་མེད་རང་ངོས་ནས་འཇོན་ཐང་དང་བྱས་ རྗེས་གང་ཡང་བཏོན་རྒྱུ་མེད་པའི་ཁར་ད་དུང་ཁ་ཕོ་ཆེན་པོས་ཐོབ་ཐང་དགོས་ཅེ་ན།དེ་ ནི་ངོ་ནོངས་དགོས་པའི་གནས་ཚུལ་ཞིག་མིན་ནམ།འོན་ཀྱང་ད་ལྟའི་ཆར་བོད་ཀྱི་བུད་ མེད་ཚོར་ཕོ་མོ་གཉིས་ཀྱིས་སྲོལ་རྒྱུན་གྱི་བག་འཁུམ་པའི་ཕྱོགས་ལ་མཁྲེགས་བཟུང་ ཆེ་ཞིང༌།རང་གིས་རང་ལའང་སྤོབས་པ་དང་གདེང་འཇོག་སྤྲོད་ཐུབ་ཀྱི་མེད་པ་དང།སོ་ སོར་རྨང་གཞིའི་བརྩི་མཐོང་སྤྲོད་མི་ཐུབ་པའི་གྲངས་ཀ་ཤིན་ཏུ་མང་བས།སྐབས་བབ་ དུས་ཚོད་ངེས་ཅན་དུ་སེམས་ཤུགས་དང་ནུས་པ་མཐོར་འདེགས་ཡོང་པའི་ཐོག་མར་ཡང་དག་གི་ བསྐུལ་སློང་བྱ་དགོས་པ་དང༌།དེང་དུས་བུད་མེད་ཚོས་བཟང་པོའི་བསྐུལ་སློང་གི་རྨང་ གཞིའི་ཐོག་ངེས་པར་དུ་ཤེས་བྱ་ཡོན་ཏན་སྣ་མང་ལ་མཐར་སོན་པར་འབད་བརྩོན་བྱེད་ དགོས་པ་མ་ཟད།ཤེས་འཇོན་གཉིས་ཚད་ལྡན་ཡོང་བར་གནའ་དེང་གི་ཤེས་བྱ་སྙིགས་དོར་ བཅུད་ལེན་གྱིས་རང་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་ཆ་མི་ ཉམས་གོང་འཕེལ་དང་ཉམས་པ་སླར་གསོ།དེ་བཞིན་རང་གིས་སྒྲུབ་བཞིན་པའི་ཕྱི་ནང་གསང་ གསུམ་གྱི་ལས་དོན་གང་འདྲ་ཞིག་ཡིན་ཡང་འཐུས་ཚང་ངང་སྒྲུབ་ཅིང་དེར་འཕེལ་རྒྱས་ ཡོང་ཐབས་བློ་སྐྱེད་དང་ལས་སྒོར་དངོས་སུ་འཇུག་དགོས་པ་སོགས་ཀྱིས་མཚོན་གངས་ཅན་ པའི་སྲོལ་བཟང་ལྟར་ལུས་སེམས་གཉིས་ཀྱི་ཡ་རབས་གོམས་གཤིས་བཟང་པོའི་རྒྱུད།བོད་ པའི་སྤྱི་ཚོགས་གང་ཅིའི་ཐད་ནས་གནད་དོན་སེལ་ཞིང༌།རྡོག་རྩ་ཆིག་སྒྲིལ་གྱིས་ཡར་ རྒྱས་གཏོང་ཐབས་བྱ་བ་ནི་དུས་འགྱུར་ཁྲོད་ཀྱི་བུད་མེད་ཚོས་དོར་ཐབས་མེད་པའི་ འོས་འགན་རེད།

༤།བོད་ཀྱི་བུད་མེད་ཚོར་ཆབ་སྲིད་དང་དཔལ་འབྱོར་ཐད་མཐུན་སྦྱོར།

འཇིག་བརྟེན་གྱི་སྡེ་འདིར་ལས་དོན་རེ་སྒྲུབ་དགོས་ཚེ་དངུལ་དངོས་ཀྱི་མཐུན་ འགྱུར་མེད་པར་ཧ་ལམ་འགྲུབ་དཀའ་བ་ཞིག་ཡིན་ཕྱིར།སྐབས་བབ་བོད་ཀྱི་བུད་མེད་ཚོར་ ལག་རྩལ་དང་ཆབ་སྲིད་གོ་རྟོགས་ཆུ་ཚད་མཐོ་འདེགས་ཐད་དཔལ་འབྱོར་གྱི་མཐུན་སྦྱོར་ ངེས་པར་དུ་དགོས།

གཅིགབསམ་བློའི་གོ་རྟོགས་སྤེལ་ཐབས་ལ་དཔལ་འབྱོར་གྱི་མཐུན་སྦྱོར།

སྐྱབས་བཅོལ་ཁྲོད་ཀྱི་བུད་མེད་སྤྱིའི་ཆབ་སྲིད་གོ་རྟོགས་སྤེལ་ཐབས་ལ་ཤུགས་ གནོན་རྒྱག་དགོས་པ་དང༌།དེའང་རང་རིགས་ཀྱི་ཛ་དྲག་ཆབ་སྲིད་ཀྱི་གནས་སྟངས་དང༌། རྒྱལ་སྤྱིའི་ཐོག་ནས་རང་རིགས་ཀྱི་ཆབ་སྲིད་ལ་ལྟ་སྟངས།ད་ལྟའི་ཆར་བཙན་བྱོལ་བོད་ མི་ཚོས་ཆབ་སྲིད་དངོས་ཀྱི་གནས་སྟངས་ཐད་ཅུང་འཐུས་ཚང་ཞིག་ཤེས་རྟོགས་ཡོང་ཆེད། བོད་ཀྱི་བུད་མེད་མི་རེ་ངོ་རེར་དམངས་ཁྲོད་དུ་རྒྱུན་ལྡན་གྱི་དུས་རིམ་ནང་ཆབ་ སྲིད་སློབ་གསོ་དང་ཟབ་ཁྲིད་དགོས་པ་དང༌།དེའང་ཟབ་ཁྲིད་ཀྱི་ནང་དོན་དུ་རང་རིགས་ ཀྱི་རྒྱལ་རབས་ཆོས་འབྱུང་སོགས་གནད་བསྡུས་མཁྱེན་ཆུབ་སླད།མ་ཡུམ་ཚོར་བོད་ཀྱི་ རིག་གཞུང་དང་མི་རིགས་ཀྱི་ལ་རྒྱ་འཛིན་དགོས་པའི་གལ་ཆེའི་རང་བཞིན།དེ་བཞིན་བོད་ ཀྱི་མཐུན་མོང་མ་ཡིན་པའི་སྲོལ་བཟང་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐོག་ གངས་ཅན་པའི་ཉིང་བཅུད་བོད་པའི་སྤྱི་ཚོགས་དངོས་སུ་དོན་འཁྱོལ་ཡོང་ཐབས་སུ་དངོས་ ཤུགས་རྒྱུད་གསུམ་ནས་ཡར་རྒྱས་གཏོང་དགོས།སྐྱེས་མ་ནི་མི་ཚེའི་ནང་གི་སློབ་དཔོན་ ཐོག་མ་དེ་ཡིན་ཞིང༌།མ་འོངས་བོད་ཀྱི་རིགས་རྒྱུད་རྣམས་ལེགས་ལམ་དུ་སྣེ་ཤེན་ བྱེད་མཁན་གྱི་སློབ་དཔོན་ཆེན་མོའང་ཡིན་སྟབས།ཤེས་སྤྱོད་གཉིས་ལྡན་གྱི་གངས་ཅན་ པའི་བུད་མེད་ཅིག་བྱེད་དགོས་ཚེ།ཐོག་མར་རང་ངོས་ནས་རང་མི་རིགས་ཀྱི་ཆོས་དང་རིག་ གཞུང་ལ་ལྟ་བ་ཡང་དག་ཅིག་འཛིན་དགོས་པ་རེད།བུ་རྒྱུད་ཀྱི་སློབ་གསོའི་གོ་རིམ་ནང་ འཇིག་བརྟེན་པའི་འཚོ་བ་ཁོ་ནའི་ཆེད་དུ་མིན་པར།རྗེས་རབས་པ་ཚོར་ཉུང་མཐའ་ཡང་བོད་ ཀྱི་སྐད་ཡིག་དང་རིག་གཞུང་ལ་བརྩི་མཐོང་དང་གུས་བཀུར་ཡོད་པའི་བོད་པ་རྣལ་མ་ཞིག་ བྱེད་དགོས་པའི་སྙིང་པོ་མདོར་བསྡུས་ཤིག་མཁྱེན་ཐུབ་ཐབས་དགོས་པ་རེད།དེ་ནི་མ་ འོངས་པར་རང་གི་བུ་རྒྱུད་བཟའ་བཏུང་གཉིད་ཙམ་ལ་གོམས་པའི་ཟ་འདྲེ་དང༌།དབང་ཆ་དང་ རྒྱུ་ནོར་གྱི་བྲན་དུ་ཚུད་པ།དེ་བཞིན་མི་ཚེའི་ལོངས་སྤྱོད་ཁོ་ནར་ཆེད་དུ་མ་ཡིན་ པར།བོད་པ་ཞིག་ཡིན་པའི་བསམ་བློའི་བཟང་སྤྱོད་བྲལ་ཞིང༌།བདག་འཛིན་སེམས་ཀྱིས་ ལུས་སེམས་གཉིས་ཀ་དབང་བསྒྱུར་ཟིན་པའི་རྒྱུ་ནོར་དབང་ཆའི་བྲན་གཡོག་ཏུ་འཚོ་མི་ དགོས་པའི་ཆེད་དུའང་རེད།དེ་ལྟར་རང་ངོས་ནས་བདག་འཛིན་སེམས་ཀྱི་བསླུ་བྲིད་དོར་ ཞིང་རང་གཞན་གཉིས་ཀྱི་བདེ་ཐབས་ལ་འབད་འབུངས་བྱེད་པའམ།ཉུང་མཐའ་ཡང་རང་ཉིད་འཚོ་ སྤྱོད་ཀྱི་ཁོར་ཡུག་དོག་མོ་འདིའི་རྒྱ་རུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ མཐུན་སྒྲིལ་དམ་ཟབ་དང༌།རང་གི་རིགས་རུས་གཅིག་པ་ཚོར་སྙིང་ཉེ་ཉེ་དང་སེམས་དུང་ དུང་གིས་མི་ཚེ་མཐའ་སྐྱོང་ཞིང༌།དེ་དག་ལ་ལྷག་བསམ་དྭངས་མ་ཞིག་བཅངས་ཏེ་བོད་མོ་ གཙང་མ་ཞིག་ཡོང་ཐབས་བྱེད་དགོས།མ་ཡུམ་ཚོ་རང་རིགས་སྤྱི་ཚོགས་ཡར་རྒྱས་ཀྱི་རྨང་ གཞི་འདིང་མཁན་ཡིན་སྟབས།གཞུང་དམངས་གཉིས་ནས་བུད་མེད་ཀྱི་བསམ་བློའི་སློབ་ གསོའི་སྤུས་ཚད་མཐོར་འདེགས་ཀྱི་ཕྱིར་དུ་དངུལ་དངོས་ཀྱི་མཐུན་འགྱུར་སྣ་ཚོགས་ གཏོང་སྟེ་རང་རིགས་སྐྱབས་བཅོལ་སྤྱི་ཚོགས་འདིའི་ནང་དུ་ཆོས་དང་རིག་གཞུང་སྲུང་ སྐྱོབ་དང་རྒྱུན་འཛིན་གྱི་མ་འོངས་འཚོལ་སྙེག་གི་བསམ་བློའི་རྩ་བའི་རྨང་གཞི་ འདིང་དགོས་པ་དང༌།དེ་བཞིན་བོད་པའི་རྗེས་རབས་པ་རྣམས་བློ་གྲོས་དང་ཤེས་དཔྱོད་ ལྡན་པ་དང༌།སྐབས་བབ་ཡུལ་གྱར་གྱི་ལས་ངན་ནས་ལྡོག་ཐབས་མེད་ཀྱང༌།ཡུལ་གྱར་གངས་ཅན་ བོད་པ་ཚང་གི་ཁྱིམ་གཞི་ཆེན་མོ་འདི་དྲོ་སྐྱིད་དང་ཡ་རབས་ཚུལ་མཐུན།དུས་རྟག་ཏུ་ བདེན་པའི་ལ་རྒྱ་དམ་དུ་འཛིན་མཁན་གྱི་དཔལ་མཛངས་ལྡན་པའི་མི་རིགས་ཤིག་འཛམ་གླིང་ གི་སྡིངས་ཆ་ཆེན་མོ་འདི་ནས་མངོན་ཐབས་སུ་བོད་ཀྱི་བུད་མེད་ཚོས་བདེན་དོན་ཡོངས་ ལ་ནུས་ལྡན་གྱིས་ཕྱག་གྲུ་མཉམ་འདེགས་དགོས་པ་རེད།

གཉིས།ཡུལ་གྱར་སྤྱི་ཚོགས་ཀྱི་ཁྲོམ་རྭའི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་མཐུན་སྦྱོར།

ད་ལྟའི་ཆར་ང་ཚོ་ནི་ཡུལ་གྱར་གནས་སའི་གཞུང་གི་གནས་སྟངས་ལ་སྟབས་བསྟུན་ངེས་ ཅན་དགོས་ཤིང།དཔལ་འབྱོར་འཕེལ་རྒྱས་འཐུས་ཚང་ཞིག་སྐྲུན་དགོས་ན་དཀའ་ཁག་ཡོད་ངེས་ ཀྱང༌།སྤྱི་ཚོགས་སྤྱིའི་ཡོང་བབ་ཀྱི་བརྒྱ་ཆ་མང་ཆེ་བ་གནས་སྡོད་རྒྱལ་ཁབ་དང༌། ནུབ་ཕྱོགས་ཡུལ་གྲུ་ཁག་གི་བདེན་པའི་རྒྱབ་ལང་བྱེད་མཁན་ཚོས་རོགས་སྐྱོར་ལ་གཙོ་ བོར་བརྟེན་དགོས་པ་རེད།འོན་ཀྱང་རང་ངོས་ནས་ད་དུང་རང་འཚོའི་ཐོན་ཁུངས་རིགས་རྒྱ་ སྐྱེད་དང་འཕེལ་རྒྱས་ཀྱི་གོམ་ཁ་བསྒྱུར་དགོས།དཔེར་ན།ཁྲོམ་ར་དཔལ་འབྱོར་གྱི་ ཐོན་རྫས་རིགས་ལ་རང་ངོས་ནས་བཟོ་སྐྲུན་ཡོང་ཐབས་བྱ་ཐུབ་པ་ག་ཚོད་ཡོད་མེད་དང༌།ད་ ལྟའི་དཔལ་འབྱོར་ཐོན་ཁུངས་ཡོད་པ་དེ་དག་ལ་གསར་སྟོད་དང་ཡར་རྒྱས་ཀྱི་བློ་སྐྱེད་ གསར་རྗེ་རེ་ངེས་པར་དགོས་པ་རེད།དེ་མིན་སྲོལ་རྒྱུན་རིགས་ཀྱི་ཐོན་རྫས་དག་ལ་ རིན་ཐང་ཆེའང་རང་རིགས་སྤྱི་ཚོགས་དངོས་སུ་མཁོ་སྤྱོད་ཀྱི་སྤུས་ཚད་རིམ་བཞིན་ ཉམས་དམས་སུ་ཕྱིན་ན།སྲོལ་རྒྱུན་གྱི་ཐོན་རྫས་རིགས་འགྲེམས་སྟོན་ཁང་དུ་གཤམ་ རྒྱུ་ཙམ་ལས།དེང་རབས་ཀྱི་ཐོན་རྫས་ཕྱིར་ཚོང་དང་ནང་ཁུལ་དུ་ལུགས་མཐུན་གྱི་འཁོར་ རྒྱུག་དང་འཕེལ་རྒྱས་འགྲོ་བར་དཀའ་ངལ་འཕྲད་ངེས་རེད།གནས་སྟངས་ངན་པ་འདི་བཞིན་ རྒྱུད་མཐུད་དུ་སོང་ན།ང་ཚོར་ལྟོ་གོས་གནས་མལ་ཙམ་ཡང་གཞན་བརྟེན་མི་བྱེད་ཀ་མེད་ ཀྱི་གནས་སུ་མི་གྱར་བར་ཁ་ཚོན་སུས་གཅོད་ནུས་སམ།དེས་ན།ཉུང་མཐའ་ཡང་རང་ངོས་ནས་ རིགས་མཐུན་ཚོའི་ཐོན་རྫས་སོགས་ལ་བེད་སྤྱོད་ཅིང༌།ང་ཚོའི་ཁོར་ཡུག་ཏུ་ལུགས་ མཐུན་གྱི་འཁོར་རྒྱུག་ཡོང་ཐབས་སུ་འབད་དགོས་པ་ནི་ཡུལ་གྱར་བོད་པ་ཚང་གི་འཚོ་ བའི་རྨང་གཞི་འགན་སྲུང་ཞིག་བྱ་ཐབས་ཡིན་ལ།གལ་འགངས་ཆེ་བའི་གནད་དོན་ཞིག་ཀྱང་ རེད་འདུགདེ་སྔོན་ཕྱིར་ཚོང་བྱེད་བཞིན་པའི་ཐོན་རྫས་དག་ལ་ཡོང་བབ་མི་དམན་ཙམ་རག་ བཞིན་པའི་བཟོ་ཚོང་རིགས་ཡར་རྒྱས་དང་རྒྱ་སྐྱེད་ཀྱི་ཐབས་ལམ་བཙལ་བ་ལས།ད་ལྟའི་ གནས་སྟངས་ལ་ཡིད་ཚིམ་པའམ་སྒྱིད་ལུག་ནས་བསྡད་པ་ཡིན་ན།ང་ཚོའི་བཟོ་ལས་ཀྱི་ཐོན་ རྫས་ཉོ་མཁན་ཕ་རོལ་པོ་ནས་ཀྱང་ཉིན་ཞིག་རྒྱུད་མཐུད་ཀྱིས་ཡོང་བབ་སྤྲོད་ཐུབ་མིན་ འདྲ་བྱུང་ཚེ་དཀའ་ངལ་འཕྲད་སྲིད་པར་བརྟེན།མི་རིགས་ཀྱི་རྩ་བའི་ཁྱད་ཆོས་མ་བོར་ བའི་ཐོག་ནས་རྒྱལ་སྤྱིའི་ཁྲོམ་རྭ་དཔལ་འབྱོར་གྱི་འཁོར་སྤྱོད་ལ་བསྟུན་ཏེ་ལེགས་ བཅོས་དང་འཕེར་རྒྱས་ལ་ཁ་ཕྱོགས་ཐབས་དགོས་ཤིང༌།དེའི་ཐད་ངེས་པར་དུ་བུད་མེད་ སོགས་ཚོང་ལས་རླབས་ཆེན་གྱི་བྱ་བ་བྱེད་མཁན་རྣམས་ལ་མཐུན་འབྱོར་སྦྱར་དགོས།

གསུམ།བཙུན་མའི་འཕྲོད་བསྟེན་གྱི་མཐུན་སྦྱོར།

བོད་ཀྱི་ཆོས་དང་རིགས་གཞུང་རྒྱུད་འཛིན་ཡང་དག་ཅིག་དགོས་པ་ནི་བོད་པ་ཡོད་དོ་ ཅོག་གི་ལས་འགན་རེད།དེའི་ནང་བཙུན་མ་ཚོས་ཆོས་སྡེ་ཕྱེད་ཀྱི་གོ་བབ་བཟུང་ཡོད་པ་ དང༌།དེ་དག་གིས་རང་མི་རིགས་ཀྱི་ཆོས་ལུགས་དར་སྤེལ་གཏོང་བར་ནུས་ཤུགས་ངེས་ཅན་ འདོན་བཞིན་པ་ཡིན།སྤྱིའི་ཆ་ནས་བཙུན་པ་ཡོངས་ལ་ནང་པའི་ཆོས་རྒྱུད་སློབ་གཉེར་དང་ སྦྱོང་བརྩོན་བྱ་བར་ཁོར་ཡུག་རྒྱ་ཆེར་ཡོད་པ་ཡིན་ཡང༌།བཙུན་མ་ཚོར་ལུས་སེམས་ གཉིས་ཀྱི་འཕྲོད་བསྟེན་ཕྱོགས་སུ་ད་དུང་ཡར་རྒྱས་དང་མཐོ་འདེགས་དགོས་པའི་གནད་ དོན་མང་པོ་ཡོད་པར་བརྟེན།བསམ་སྤྱོད་ཀྱི་ཀུན་སློང་ཡང་དག་ཅིག་ཡོང་ཐབས་གཙོས་ ལུས་གཟུགས་ཀྱི་འཕྲོད་བསྟེན་ཐད་ནས་ཀྱང་དམིགས་བསལ་གྱི་ཟབ་འཁྲིད་དགོས་པ་ཤིན་ ཏུ་གལ་ཆེ་སྙམ།སྤྱིའི་ཆ་ནས་བུད་མེད་ཡོངས་ལ་གཟུགས་ཕུང་གི་འཕྲོད་བསྟེན་ཤེས་བྱ་ ཤེས་རྟོགས་ཡོང་བར་མཐུན་སྦྱོར་དང༌།དེའི་ནང་ནས་ཀྱང་མ་བུའི་བདེ་སྲུང་གི་འཕྲོད་ བསྟེན་དང་བཙུན་མ་སྤྱིའི་སྡེ་ལ་ལུས་གཟུགས་ཀྱི་དམིགས་བསལ་དཀའ་ངལ་ཐད་ཆེད་དུ་ ཟབ་འཁྲིད་ཀྱི་གོ་རིམ་ཞིག་བརྒྱུད་ཐུབ་ན།བཙུན་མ་རང་ངོས་ནས་འགྲོ་བ་རིགས་དྲུག་ སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཕྱིར་འབད་འབུངས་བླ་ན་མེད་པ་ཞིག་བྱེད་པའི་སེམས་ སྤོབས་དང་ཆོད་སེམས་ཡོང་ཐུབ་པ་མ་ཟད།དེ་ལྟར་གཟུགས་ཕུང་འཕྲོད་བསྟེན་གྱི་གོ་ རིམ་འཐུས་ཚང་ཞིག་འགྲིག་ན།མ་འོངས་བུད་མེད་སྤྱིའི་ཆ་ནས་ཀྱང་བསམ་གཞིག་རེ་བྱེད་ པའི་དུས་ཚོད་མདང་ངེས་ཡོད་སྟབས།བོད་ཀྱི་བུད་མེད་རྣམས་ལེགས་ལམ་ལ་ཞུགས་ཤིང་ བོད་པའི་སྐྱེ་འགྲོ་ཡོངས་ལ་བློ་སྐྱེད་སྐྱེ་བའི་དགེ་མཚན་དུ་མ་དང་ལྡན་པས་དེའི་ ཐད་དཔལ་འབྱོར་མཐུན་སྦྱོར་ངེས་ཅན་ཞིག་གཏང་དགོས།

བཞི།སློབ་ཐོན་གཞོན་ནུ་མ་ཚོར་རྩ་བའི་རང་འཚོ་ཐུབ་ཐབས་ཀྱི་དཔལ་འབྱོར་མཐུན་སྦྱོར།

དེང་གི་ཆར་འཛིན་རིམ་བཅུ་པ་ཡས་ཀྱི་སློབ་ཐོན་གཞོན་ནུ་མ་མང་རུ་འགྲོ་བཞིན་པ་ དུས་མཚུངས་སུ།དེ་དག་ལ་སློབ་སྦྱོང་རྒྱུན་མཐུད་མ་བྱུང་བ་དང༌།ལས་འཇུག་གི་གོ་ སྐབས་ངེས་བསྟན་མ་རག་སྟབས།སྤྱི་ཚོགས་གང་སར་སྤྲང་འཁྱམ་རྒྱག་མཁན་མང་རུ་འགྲོ་ བཞིན་པ་ནི་བོད་ཡུལ་གྱར་སྤྱི་ཚོགས་ཀྱི་སྐྱོ་གནས་ཤིག་ཡིན་པ་མ་ཟད།གཞོན་སྐྱེས་ དེ་དག་ཀྱང་རང་ངོས་ནས་དཀའ་སྤྱད་སྙིང་རུས་ཞེན་པ།གཞན་བརྟེན་གྱི་བསམ་བློ་ཤུགས་ ཆེར་ལྡན་པ་བཅས་ཀྱིས་སྐྱོན་ཆ་འབྱུང་བཞིན་འདུགསྤྱིའི་ཆ་ནས་བཤད་ན་བོད་པའི་ གཞོན་སྐྱེས་ཡོངས་ལ་ལས་འཇུག་གི་གོ་སྐབས་ཧ་ཅང་དཀོན་པོ་ཡིན་པ་མ་ཟད།ལས་འཇུག་གི་ ཁྱབ་རྒྱའང་གུ་ཇེ་དོག་ཏུ་འགྲོ་བཞིན་པ་རེད།དཔེར་ན༌།འཛིན་རིམ་བཅུ་པ་ཡས་མས་ཙམ་ ནས་སློབ་གྲྭ་འཕྲོ་མཐུད་མ་ཐུབ་པའི་གཞོན་སྐྱེས་ཕོ་མོ་སུ་ཡིན་ཡང་སྤྱི་ཚོགས་ནང་ ལག་ཤེས་ལ་བརྟེན་དགོས་པ་དང༌།ཡང་ན་ཤེན་ཡོན་ལ་བརྟེན་དགོས་པ།དེ་མིན་སྤྱི་ཚོགས་ སུ་ཞབས་ཞུའི་ལས་རིགས་གང་ལ་བརྟེན་ན་ཆོག་མོད།སྐྱིད་ཉལ་བརྒྱབ་ནས་བསྡད་ན་རྩ་ བའི་འཚོ་བའི་རྨང་གཞི་ཡང་འགན་སྲུང་བྱེད་ཀ་བ་རེད།དེར་བརྟེན་འཇིག་རྟེན་པའི་ སྡེ་ཚོགས་སུ་བྱ་བ་གང་ཡིན་ཡང་ལས་བྱའི་འཇུག་སྒོ་འཐུས་ཚང་དང་རྒྱ་ཆེར་གཏོང་ དགོས་པ་ནི་མིག་སྔར་ཚང་མས་བསམ་བློ་ཆེར་སྐྱེད་རེ་བྱེད་དགོས་པའི་གནད་དོན་ཞིག་ རེད།སྤྱི་ཚོགས་སུ་གཙོ་བོ་ཕྱི་ཡུལ་དུ་ཡོད་པའི་སྤུན་ཉེ་སོགས་ཀྱིས་དཔལ་འབྱོར་ རོགས་སྐྱོར་ངེས་ཅན་ཡོད་མཁན་ཚོ་ཕུད།དེ་མིན་ད་དུང་ཡང་བོད་པའི་གཞོན་སྐྱེས་མང་ དག་ཅིག་ལ་རང་ཁ་རང་གསོའི་འཚོ་བའི་རྨང་གཞིའི་ཡོང་བབ་སྐྲུན་པའི་ཁོར་ཡུག་མེད་ རྐྱེན།ལྟོ་གོས་ཙམ་ཡང་མི་མདང་བའི་ལས་མེད་གཞོན་སྐྱེས་མང་རུ་འགྲོ་ཡི་འདུགདེ་ བཞིན་རྟག་ཏུ་གྲོད་པ་འགྲང་ཙམ་གྱི་འཚོ་བརྟེན་ལ་ཉུལ་ཏེ་མདུན་སྐྱོད་ཀྱི་བརྩོན་ འགྲུས་དང་ཕུགས་བསམ་གྱི་སྣེ་ཤེན་མེད་པའི་རྐྱེན་གྱིས་གཞོན་སྐྱེས་འགའ་རེས་བསམ་ བློ་བག་འཁུམ་ཞིང་འུ་ཐུག་ནས་ཉལ་ཐ་འཐེན་ཞིང༌།མཛའ་བརྩེའི་ཕན་གྲོགས་མེད་པས་ སྲོག་དབུགས་ཀྱི་རྒྱུ་བ་ཐོག་ཙམ་གྱིས་སྒྱིད་ལུག་དང་ལེ་ལོས་མི་ཡི་སྤྱི་ཚོགས་ ནས་རིང་ནས་རིང་དུ་འགྲོ་བཞིན་འདུགགཞོན་སྐྱེས་ཕོ་མོ་སུ་ཡིན་ཡང་ཤེས་སྤྱོད་ གཉིས་ཀྱི་སྤུས་ཚད་ཞེན་པ་ཡིན་ནམ་གང་ལྟར་རང་གིས་ཡོངས་རྫོགས་གཏོང་ཕོད་པའི་མི་ ཚེ་མཐའ་སྐྱོང་ཡོང་བའི་ཟླ་གྲོགས་ཤིག་འགྲིག་པར་འགག་རྡོ་འཕྲད་བཞིན་པར་བརྟེན། དེང་གི་སྤྱི་ཚོགས་སུ་ཕོ་རྐྱང་མོ་ཧྲེང་གི་སྡེ་ཚོགས་ཀྱང་མང་དུ་འགྲོ་བཞིན་པ་ ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་རེད།གོང་བཞིན་ལས་མེད་ཀྱི་གཞོན་སྐྱེས་ཕོ་མོ་ མང་དུ་འགྲོ་བཞིན་པ་ནི།མ་འོངས་གཞོན་སྐྱེས་ཚོ་སྤྱི་ཚོགས་སུ་ལོག་ལམ་དུ་འགྲོ་ བའི་གནད་དོན་ཞིག་ཏུ་གྱུར་ཚར་བ་མ་ཟད།ད་དུང་ལས་གནས་ཀྱི་འཇུག་སྒོ་མང་དུ་མ་ གཏོང་ན།ང་ཚོའི་གཞོན་སྐྱེས་ཕོ་མོ་མང་དག་ཅིག་སྤྱི་ཚོགས་ལ་ཕན་རྒྱུ་བཞག་སྟེ།རང་ གཞན་སུ་ལའང་བརྩི་མཐོང་སྤྲད་མི་ཤེས་པའི་དུད་འགྲོའི་ལམ་དུ་བགྲོད་རྒྱུ་དང༌།འུ་ ཐུག་ན་རང་གཞན་གཉིས་ཕུང་གི་ལོག་ལམ་དུ་འགྲོ་བར་ཐེ་ཚོམ་མི་དགོས་པ་ཞིག་རེད་ འདུགདེས་ན་འཇིག་བརྟེན་པའི་སྡེའི་ནང་དུ་གཞོན་སྐྱེས་ཕོ་མོ་སུ་ཡིན་ཡང་ཉུང་མཐའ་ ལས་སྒོ་ཞིག་ནང་གཟུད་ཐབས་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་སྤྱི་ཚོགས་ཀྱི་རྩ་ བའི་གནས་དོན་ཞིག་རེད།འདི་ལྟར་ཕལ་པའི་སྤྱི་ཚོགས་སུ་ལྟོ་གོས་གཏམ་གསུམ་ལ་རེ་ མི་དགོས་པའི་གང་ཟག་ཅིག་མེད་ཕྱིར།འཇིག་བརྟེན་པའི་སྤྱི་མཚུངས་ལྟར་དཔལ་འབྱོར་ ཡར་རྒྱས་དང༌།ཤེས་ཡོན་ཡར་རྒྱས།འཚོ་བ་ཡར་རྒྱས་བཅས་ཀྱི་ལས་སྒོ་འཐུས་ཚང་ཡོང་ ཐབས་ལ་མཐུན་སྦྱོར་གྱི་འབད་བརྩོན་བྱེད་དགོས་པ་དང༌།བོད་མི་ཡུལ་གྱར་བའི་གཞོན་ སྐྱེས་ཕོ་མོ་ཀུན་ལ་ལས་གནས་མཁོ་སྤྲོད་ཐོག་ལེགས་སྐྱེས་ཕུལ་ཐུབ་པའི་འཇིག་ བརྟེན་པའི་ཁོར་ཡུག་ཡང་དག་ཅིག་བསྐྲུན་ཐབས་དང༌།དེར་གཞུང་སྒེར་སུ་ཡིན་ཡང་དཔལ་ འབྱོར་གྱི་རོགས་སྐྱོར་མདང་ངེས་གཏོང་དགོས་པ་རེད།

༥།དེང་དུས་བོད་ཀྱི་བུད་མེད།

རྒན་རབས་ཚོས་གསུང་བར་གཞིགས་ན་གནའ་དུས་བོད་ཀྱི་བུད་མེད་ཚོར་བྱམས་དང་སྙིང་ རྗེ་གཞན་ལས་ལྷག་པ།ཕྱི་ནང་གསང་གསུམ་གྱི་ཁྱིམ་ལས་དང་གཞུང་ལས་སོགས་ལ་བྱང་བ།ལས་ རིགས་གང་ཡིན་རུང་ཧུར་བརྩོན་འབད་འབུངས་ཀྱི་སྙིང་རུས་ཚད་ལྡན་ཡོད་པ།དེ་བཞིན་ དབང་ཆའི་ཐད་ལ་འདོད་རྔམ་མེད་ཅིང༌།གཞན་གཅེས་ཀྱི་བྱང་སེམས་ཆེ་ཞིང་གཡོག་ལས་ སོགས་ལའང་འཐུས་སྒོ་ཚང་བསྡད་ཡོད་ལ།རང་ངོས་ལ་ཁེ་སང་དང་ཐོབ་ཐང་མི་རྩོད་པར་ཉམས་ ཆུང་གིས་མི་ཚེ་སྐྱེལ་ཞིང་གངས་ཅན་པའི་སྐྱེད་མ་བཟང་མོ་ཞིག་རེད་ཟེར།གནའ་དུས་ བོད་མོ་ཚོའི་ལུས་ནས་ང་ཚོས་བཟང་བའི་ཆ་དུ་མར་སློབ་སྦྱོང་བྱེད་དགོས་པའི་ལེགས་ ཆ་ལྡན་ཡོད་པ་མ་ཟད།ང་ཚོས་དེང་རབས་བོད་ཀྱི་བུད་མེད་ཡིན་ཟེར་མཁན་ཚོས་ཀྱང་མི་ འཇོན་མི་ནུས་ས་མང་དག་ཅིག་གནའ་དུས་བོད་ཀྱི་བུད་མེད་ཚོས་འཇོན་ནས་འདུགའོན་ཀྱང་ སྲོལ་རྒྱུན་བོད་མོ་ཚོར་དེང་དུས་བུད་མེད་ལྟར་ཤེས་ཡོན་སློབ་སྦྱོང་གི་གོ་རིམ་ རྒྱ་ཆེར་མེད་ལ་རྒྱལ་ཁམས་མཐོང་བའི་མིག་རྒྱང་མེད་སྟབས་ལུས་སེམས་གཉིས་ལ་རང་ བཞིན་གྱི་བག་འཁུམ་ཞིང༌།རང་དབང་གི་ཚད་གཞི་ངེས་ཅན་གྱི་རྒྱ་ལས་བརྒལ་ཐུབ་མེད་ པར་འདོད།རྒྱལ་སྤྱིའི་གྲགས་ཅན་མི་སྣ་ཞིག་གིས།གལ་ཏེ་སྤྱི་ཚོགས་འདི་དང་འཇིག་ རྟེན་འདིར་ཕན་པའི་བྱ་བ་སྒྲུབ་ཐུབ་པ་ཞིག་བྱུང་ན།གང་ཟག་དེ་ནི་ལུས་སེམས་གཉིས་ ཀྱི་རང་དབང་ཆ་ཚང་ཡོད་པ་ཞིག་ཡིན་ངེས་ཅེས་ཁ་ཚོན་བཅད་དེ་གསུངས་འདུགདེའི་ནང་ སེམས་ཀྱི་རང་དབང་ཆ་ཚང་ཞིག་བྱུང་མྱོང་མེད་ཅིང་རང་འཚོ་སའི་ཁོར་ཡུག་གི་སྡོམ་ རྒྱ་ནན་པོས་རང་དབང་གི་སེམས་དེ་གཉའ་གནོན་འོག་ཚུད་ཚར་བའྀ་འགྲོ་བ་ཕོ་མོ་སུ་ ཡིན་ཡང་དེས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཀྱི་ས་བོན་ཞིག་བསྐྲུན་ཐུབ་རྒྱུ་ཧ་ ཅང་དཀའ་ཁག་ཡོད་པའི་གནས་ཚུལ་ཞིག་གྱུར་འདུགཕོ་མོ་སུ་ཡིན་ཡང་ལུས་སེམས་གཉིས་ ཀྱི་སྡོམ་རྒྱ་ལས་བརྒལ་ཞིང་འགྲོ་བ་མིའི་རིགས་ལ་བདེ་ཐབས་སྐྲུན་དགོས་པ་ནི་ང་ ཚོས་མིའི་རིགས་སུ་བདེ་སྐྱིད་ཡོང་ཐབས་ཀྱི་རྩ་བའི་ཆ་རྐྱེན་རེད་ལ།ང་ཚོས་མཐར་ ཐུག་གི་དམིགས་ཡུལ་ཡང་ཡིན་ཆོགརང་དབང་གི་སྒོ་ནས་འགྲོ་བ་མིའི་འཚོ་སྤྱོད་ཀྱི་ གོ་ལའི་ཁྱོན་འདིར་བདེ་དོན་བསྒྲུབ་ཐབས་སུ་གནའ་དིང་གི་ཤེས་བྱ་བཟང་པོ་གང་ཡིན་ ཡང་མཐིལ་ཕྱིན་པ་ཞིག་སྦྱོང་བརྩོན་བྱེད་ཅིང༌།འཇིག་རྟེན་ཡོངས་སུ་བདེ་སྐྱིད་དང་ ཞི་བདེ་ལྷིང་འཇག་ཅིག་སྒྲུབ་དགོས་པ་དང༌།འགྲོ་བ་མིའི་ཕན་བདེ་ལ་ངན་སེམས་དང་ ལོག་ལྟ་འཛིན་མཁན་ཚོའི་མདུན་ནས་ནུས་ལྡན་གྱིས་སྣེ་ཤེན་རེ་དགོས་པ་ནི་འགྲོ་བ་ རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་གྱི་སྙིང་པོ་ལ་འབད་བཞིན་པའི་ནང་པ་ ཡོངས་ཀྱིས་སྒྲུབ་དགོས་པའི་བྱ་བ་རེད་ལ།ཁ་བ་གངས་ཅན་པའི་དེང་དུས་བུད་མེད་ཀྱི་ འོས་འགན་བླ་ན་མེད་པ་ཞིག་ཀྱང་རེད།འོན་ཀྱང་གནའ་དེང་གང་ཡིན་ཡང་རང་གཞན་གཉིས་ ཀྱི་བདེ་ཐབས་སྐྲུན་པར་རང་ངོས་ཀྱི་བསམ་བློའི་སྐྱོན་ཆ་དག་ཐབས་དང༌།ཕོ་མོ་སུ་ ཡིན་རུང་རང་གཞན་གཉིས་ཕུང་གི་ལས་ངན་སུ་མི་འཇུག་པར།བློ་གྲོས་དང་ཡོན་ཏན་གྱི་ ཤེས་རྒྱ་ཚད་ལྡན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོགརང་དབང་དང་བག་ཡངས་ཀྱི་སྒོ་ ནས་གནའ་དེང་གཉིས་ཀྱི་ཤེས་རིག་སྙིགས་དོར་བཅུད་ལེན་ཐོག་འཇིག་བརྟེན་གྱི་ཁྱིམ་ གཞི་ཆེན་མོ་འདིར་བདེ་སྐྱིད་ཀྱི་རྨང་གཞི་བསྐྲུན་ཐབས་ནི་དེང་དུས་བོད་ཀྱི་བུད་ མེད་ཚོའི་ལེགས་བྱང་ཞིག་ཡིན་ནོ།།

༢༠༠༩ལོའི་ཟླ་༤ཚེས་༢༠ཉིན་བྲིས།