གཙོད་གྲོང་ཁྱེར་གྱི་བོད་རིགས་སློབ་འབྲིང་སྒོ་བརྒྱབ་པ།

ད་ལྟའི་ཆར་འཛིན་བཟུང་དང་བཙོན་འཇུག་གི་གནས་ཚུལ་ཤེས་རྟོགས་མེད་ཀྱང། རྒྱ་གཞུང་གིས་སློབ་གྲྭ་སྒོ་བརྒྱབ་ནས་ཚེས་༦ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པར་སློབ་མ་རྣམས་སོ་སོའི་ཁྱིམ་དུ་བཏང་ཡོད་པ་དང། དགེ་རྒན་རྣམས་ལ་དམ་དྲག་གིས་འདྲི་བརྩད་བྱེད་ཀྱི་ཡོད་འདུག རྒྱ་གཞུང་གིས་ཁུལ་དེར་གསལ་བསྒྲགས་སྦྱར་ནས། སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམས་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད་འདུག
གཙོད་གྲོང་ཁྱེར་གྱི་བོད་རིགས་སློབ་འབྲིང་དེ་ནི་ཕྱི་ལོ་༡༩༩༥ ལོར་བཙུགས་ཤིང། ད་ལྟའི་ཆར་དམའ་འབྲིང་དང་མཐོ་འབྲིང་གཉིས་ལྡན་གྱི་སློབ་གྲྭ་ཞིག་དང། བོད་ཡིག་རྐྱང་པའི་སློབ་གྲྭ་ཞིག་ཡིན་པ་རེད།།