གསེར་རྟ་རྫོང་དུ་ཉིན་བཅུའི་རིང་བོད་མི་དགུ་ཙམ་འཇུ་བཟུང།

དེ་ཡང་གསེར་རྟ་ཆོས་དབྱིངས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན། བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དཀར་མཛེས་རང་སྐྱོང་ཁུལ་གྱི་ནང་ཚན་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་སྔ་ཕྱིར་ཞི་བའི་ངོ་རྒོལ་སྐད་འབོད་བྱུང་བའི་གནས་ཚུལ་རྣམས་ལས། ཁམས་ཡུལ་ཤུལ་རྫ་སྟོད་རྫོང་ནས་ཡིན་པའི་གསེར་རྟ་བླ་རུང་ཆོས་སྒར་དུ་བཀའ་བརྒྱུད་འཛིན་གྲྭའི་ནང་སློབ་སྦྱོང་གནང་བཞིན་པའི་རྫ་སྟོད་གནས་མདོ་དགོན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་རང་ལོ་ ༡༦ ཡིན་པ་དང་། རྫ་སྟོད་རྫོང་རྗེ་དྲུང་དགོན་པའི་གྲྭ་མགར་བ་དབང་ཆེན་སྟོབས་རྒྱལ་རང་ལོ་ ༡༥ ཡིན་པ་གཉིས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་མིའི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད།
 
ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༠ ཉིན་གསེར་རྟ་མཆོག་ཚང་སྡེ་བའི་གེ་འཕན་འཇིགས་ཐུབ་ཀྱི་བུ་ཨོ་རྒྱན་རྣམ་རྒྱལ་གྱིས་༧རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་དགོས་པ་དང་། བོད་ལ་ཆོས་དད་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་དགོས་པ་སོགས་སྐད་འབོད་བྱས་ཏེ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢ གཉིས་ཉིན་གསེར་རྟ་མཆོག་ཚང་སྡེ་བ་ཡིན་པའི་རང་ལོ་ ༡༩ ལོན་པ་སྤྲུལ་སྐུ་རྣམ་རྒྱལ་གྱིས་གསེར་རྟ་རྫོང་ཐོག་ཏུ་ཡི་གེ་གཏོར་ཡོད་པ་དང་། དེ་འཕྲལ་རྒྱ་ནག་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་རེད། ཡི་གེའི་ནང་དུ་བོད་ལ་རང་དབང་དགོས་སྐོར་སོགས་བྲིས་ཡོད་པ་ཙམ་མ་གཏོགས་ཡི་གེ་དངོས་སུ་མཐོང་མ་སོང་ཞེས་འགྲེལ་བརྗོད་གནང་སོང་། ཡི་གེ་ཚང་མ་ཁོང་རང་ཉིད་ཀྱིས་ལག་བྲིས་བྱས་ཡོད་པ་དང་། དེ་གའི་ཉེན་རྟོག་པའི་ཁ་ནས་གནས་ཚུལ་བྱུང་བ་ལྟར་ན་ཡི་གེ་དེ་ཚོ་ཁོས་ཉིན་གཉིས་ གསུམ་གྱི་དུས་ཚོད་བཏང་ནས་བྲིས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་། ཁོང་ལ་སྤྲུལ་སྐུའི་མཚན་ཡོད་པ་མ་ཟད། ཁོ་རང་ཚོའི་དགོན་ནང་དུ་སློབ་གྲྭ་ཞིག་ཡོད་པའི་དགེ་རྒན་ཡང་གནང་མྱོང་ཡོད་པ་རེད།
དེ་མཚུངས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢ ཉིན་གསེར་རྟ་གཞི་ཆེན་སྟག་རྩེད་དགོན་པའི་གྲྭ་གཉིས་ཀྱིས་གསེར་རྟ་རྫོང་དུ་སྐད་འབོད་བྱས་ཡོད་དང་། ཕྱི་ཟླ་ ༤ ཚེས་ ༣ ཉིན་མི་སྐྱ་གཅིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག ཡང་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་གྱི་ཉིན་གུང་དུས་ཚོད་ ༡༢ སྟེང་གསེར་རྟ་རྫོང་མཆོག་ཚང་སྡེ་བ་ནས་ཡིན་པ་རང་ལོ་ ༢༠ ལོན་པའི་མི་སྐྱ་ཐེག་མཆོག་ཟེར་བ་ཞིག་གིས་གསེར་རྟ་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་ཐོགས་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དེ་དང་མཉམ་དུ་ཡི་གེ་ཡང་གཏོར་ཡོད་ཀྱང། དེ་འཕྲལ་རྒྱ་ནག་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
ཡང་བསྐྱར་གསེར་རྟ་རྫོང་ཐོག་ཏུ་ཕྱི་ ༢༠༡༠ ཟླ་ ༤ ཚེས་ ༧ ཉིན་སྔ་དྲོ་ཆུ་ཚོད་ ༩ དང་ཕྱི་དྲོ་ཆུ་ཚོད་ ༢ ཀྱི་ཐོག་ཙམ་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་ན་ཡང་ད་ལྟ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཅེས་འཁོད་འདུག ད་ལྟའི་ཆར་གསེར་རྟ་རྫོང་ཐོག་ཏུ་རྒྱ་དམག་གིས་སྐོར་སྲུང་ནན་པོ་བྱེད་བཞིན་ཡོད་པ་དང། དམིགས་སུ་བཀར་ནས་བླ་རུང་ནང་བསྟན་སློབ་གླིང་དུ་དགེ་འདུན་པ་ཕྱི་བསྐྱོད་བྱེད་རྒྱུར་བཀག་འགོག་དང། དགོན་པ་དེའི་དགེ་འདུན་པོ་མང་པོས་བོད་ཀྱི་ས་གནས་འདྲ་མིན་ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བྱུང་བས། དགོན་པ་སྒོ་རྒྱག་དགོས་སྐོར་གྱིས་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་འདུག །