གནམ་གྲུ་བརྡབ་སྐྱོན་གྱིས་པཱོ་ལན་ཌིའི་སྲིད་འཛིན་འདས་གྲོངས།
ལས་བྱེད་དོ་དམ་ཁང་གི་འགན་འཛིན་སོགས་པཱོ་ལན་ཌིའི་སྐུ་ཚབ་སྡེ་ཚན་གཅིག་དང་འབྲེལ་ཡོད་ལས་བྱེད་བཅས། པཱོ་ལན་ཌི་ནས་ཨུ་རུ་སུའི་ནང་འཕུར་བསྐྱོད་སྐབས་ཀྱི་ལམ་བར་དུ། གནམ་གྲུ་བརྡབ་སྐྱོན་ཤོར་ཏེ་འགྲུལ་པ་གཅིག་རྐྱང་མ་ལུས་པར་རྐྱེན་ལམ་དུ་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་བྷི་བྷི་སིའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། པཱོ་ལན་ཌིའི་རྒྱལ་ཁབ་ཀྱི་སྲིད་འཛིན་གཙོ་བོར་གྱུར་པའི་སྐུ་ཚབ་སྡེ་ཚན་གཅིག་དང་འབྲེལ་ཡོད་ལས་བྱེད་ཁག་གཅིག སྔོན་དུས་དམག་ཆེན་གཉིས་པའི་སྐབས། ཨུ་རུ་སུའི་དམར་གཞུང་གིས་པཱོ་ལན་ཌིའི་མི་མང་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་ནས་མི་ལོ་༧༠ འཁོར་བའི་མྱ་ངན་དུས་དྲན་ཆེད། པཱོ་ལན་ཌི་ནས་ཨུ་རུ་སུའི་ནང་གནམ་གྲུ་འཕུར་བསྐྱོད་སྐབས། གནམ་གྲུ་ཁ་ལོ་བས་ལྷོད་གཡེང་ཤོར་ནས་གློ་བུར་དུ་གནམ་གྲུ་ཤིང་སྡོང་ལ་བརྡབ་སྐྱོན་ཤོར་ཏེ། སྐུ་ཚབ་སྡེ་ཚན་དང་འབྲེལ་ཡོད་ཆབ་སྲིད་མི་སྣ། གཞུང་གི་ལས་བྱེད་བཅས་ཁྱོན་མི་གྲངས་༩༥ རྐྱེན་ལམ་དུ་སོང་ཡོད་པ་རེད།
པཱོ་ལན་ཌིའི་སྲིད་འཛིན་དང་འབྲེལ་ཡོད་གཞུང་གི་མི་སྣ་གལ་ཆེ་ཁག་གློ་བུར་དུ་མེད་པ་ཆགས་ཡོད་པས། གཞུང་གི་འཛིན་སྐྱོང་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང། འདས་གྲོངས་སོང་བའི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་ལཱི་ཆི་ཁཱག་རྫི་སི་ཀི་ཁོང་ནི་མི་མང་གིས་དགའ་ཞེན་བྱེད་ས་དང། ལྷག་དོན་གཞོན་སྐྱེས་ཚོས་ཁོང་ལ་ཧ་ཅང་གིས་དགའ་ཞེན་བྱེད་ཀྱི་ཡོད་པས། སྲིད་འཛིན་ལས་ཁུངས་ཀྱི་ཉེ་འགྲམ་དང་། ཁྲོམ་གཞུང་ཁག་ཏུ་མི་མང་གིས་ངུ་འབོད་བྱེད་པ་དང་། མྱ་ངན་གྱི་མེ་ཏོག་བསྐྱལ་ལེན་སོགས་བྱས་ཏེ་ཟང་ཟིང་ཆེན་པོ་ཆགས་བཞིན་ཡོད་ཅིང། དེ་དང་འབྲེལ་ནས་གཞུང་གིས་སྲིད་འཛིན་འོས་བསྡུ་དང་བློན་ཆེན་སོགས་ཆེད་བསྐོའི་ལས་དོན་ལག་ལེན་གང་མགྱོགས་བསྟར་མ་ཐུབ་ཚེ། ཆབ་སྲིད་ཀྱི་ཡོ་ལངས་ཆེན་པོ་ཡོང་སྲིད་པའི་འཇིགས་སྣང་ཡང་བྱེད་བཞིན་ཡོད་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་དང་དབྱིན་ལིན་གྱི་སྲིད་བློན། ཨུ་རུ་སུའི་སྲིད་བློན། འཇར་མན་གྱི་བློན་ཆེན་སོགས་ཀྱིས་པཱོ་ལན་ཌིའི་རྒྱལ་ཁབ་ལ་མྱ་ངན་གྱི་འཚམས་འདྲི་ཞུས་ཡོད་པ་དང། ཕྱོགས་མཚུངས་བོད་གཞུང་གི་ངོས་ནས་སྐུ་གཤེགས་སྲིད་འཛིན་མཆོག་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་དང། ༧གོང་ས་མཆོག་༡༩༩༣ དང། ༢༠༠༠། ༢༠༠༨། ༢༠༠༩ ལོ་བཅས་ཀྱི་ནང་ཡུལ་དེར་ཆིབ་བསྒྱུར་སྐབས། རྒྱ་ནག་གི་གནོན་ཤུགས་སོགས་ལ་མ་ལྟོས་པར་མཇལ་འཕྲད་ཞུས་པ་དང། ཡུལ་མིའི་ཐོབ་ཐང་ཕུལ་བ་སོགས་གནང་མྱོང་ཡོད་པས། དེ་རིང་གི་ཆག་སྒོ་འདིའི་ནང་སྐུ་སྲོག་ཤོར་མཁན་སྲིད་འཛིན་ཁོང་དང་བཟའ་ཟླ། འབྲེལ་ཡོད་ལས་བྱེད་དང་ནང་མི་ཚང་མར་མྱ་ངན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས། བོད་གཞུང་དྲིལ་བསྒྲགས་ལས་ཁང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
