༧གོང་ས་མཆོག་བསྔོ་སྨོན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར།

ད་ལྟའི་ཆར་མིའི་ཚེ་སྲོག་ལ་གནོད་སྐྱོན་ཕོག་པའི་གྲངས་ཚད་ལ་བཤད་སྟངས་མི་འདྲ་བ་གང་མང་ཡོད་པ་དང། གནས་ཚུལ་ངོ་སྤྲོད་བྱེད་མཁན་ཁག་ཅིག་གིས་སྲོག་ཤོར་བའི་གྲངས་༡༠༠༠༠ ལྷག་ཟིན་ཡོད་ཚུལ་ཡང་བརྗོད་མཁན་འདུག།ད་དུང་ཛ་དྲག་གི་སྨན་བཅོས་བྱེད་པར་བསྐྱོད་སྐབས་ཕ་མ་དང་ཕྲུ་གུས་མཚོན་ཁྱིམ་ཚང་ཁ་བྲལ་ནས་ད་ལྟའི་ཆར་ཡང་སྨན་ཁང་གང་དུ་ཡོད་མེད་རྩད་གཅོད་བྱེད་མ་ཐུབ་པར་ལྷག་མཁན་ཡང་ཡོད་པ་དང། གོད་ཆག་བྱུང་ཡུལ་དུ་དངུལ་ཟོག་གི་རོགས་སྐྱོར་ཕོན་ཆེན་འབྱོར་གྱི་ཡོད་ནའང། མི་མང་གི་ལག་ཏུ་འཕྲོད་མིན་ལ་དོགས་པ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཛ་དྲག་སྐབས་སུ་རོགས་སྐྱོབ་ཏུ་འབྱོར་བའི་གྲྭ་བཙུན་རྣམས་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་ཕྱིར་ཕུད་གཏོང་གི་ཡོད་པ་མ་ཟད། ས་གནས་ཁག་ཅིག་གིས་རོགས་སྐྱོར་ཞལ་འདེབས་ཕུལ་བ་ཡང་ཁ་ཐུག་ས་གནས་སུ་སྤྲོད་མ་བཅུག་པར་སྲིད་གཞུང་བརྒྱུད་ནས་སྤྲོད་དགོས་སྐོར་བརྗོད་དེ་རོགས་དངུལ་གཞུང་གིས་བླངས་པའི་གནས་ཚུལ་ཡང་བྱུང་འདུག

ཟླ་འདིའི་ཚེས་༢༧ ཉིན་ནི་ས་ཡོམ་གྱི་གོད་ཆག་འོག་ཏུ་བོད་མི་མང་པོ་ཞིག་རྐྱེན་འདས་སུ་སོང་ནས། བདུན་ཚིགས་གཉིས་འཁོར་གྱི་ཡོད་པ་དང། བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་དབུ་བཞུགས་ཐོག་བསྔོ་སྨོན་རྒྱ་ཆེན་འཚོགས་ཡོད་པ་རེད། སྐབས་དེར་༧རྒྱལ་བ་ཀརྨ་པ་མཆོག་དང། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས། བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་ངོ་ཕེབས་གནང་ཡོད་པ་དང་བསྟུན། དྷ་སའི་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་མཉམ་ཞུགས་བྱས་ཡོད་པ་རེད། བསྔོ་སྨོན་འདུ་ཚོགས་དང་འབྲེལ་ནས་བོད་གཞུང་ཆོས་རིག་བཀའ་བློན་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གནང་དོན་དང་། བོད་དུ་ས་ཡོམ་གྱི་གོད་ཆག་བྱུང་བའི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད། དེ་བཞིན་འཆར་ཟླའི་ཚེས་༤ ཉིན་བདུན་ཚིགས་གསུམ་པར་འཁེལ་གྱི་ཡོད་པས་སྐབས་དེར་ཡང་༧གོང་ས་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།།