ལྷ་སའི་ས་འོག་འགྲོ་ལམ་ལེགས་འགྲུབ་བྱུང་ཡོད་ཟེར།

ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་ནང་ལོགས་སུ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་མཛེས་རྒྱན་གྱིས་རྣམ་པར་སྤུད་རྒྱུ་ཡིན་པ་ཕུད། དེ་དང་དུས་མཚུངས་སུ་མེ་གསོད་མེ་འགོག་ཡོ་བྱད་དང་། བདེ་འཇགས་མྱུལ་ལྟའི་ཚོད་འཛིན་ཡོ་བྱད་དང་། ཉེར་མཁོའི་སྣང་བྱེད་གློག་སྒྲོན་སོགས་སྒྲིག་སྦྱོར་བྱས་ཡོད་ཟེར།
ས་འོག་བགྲོད་ལམ་དེ་བསྐྲུན་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཕོ་བྲང་པོ་ཏཱ་ལའི་ཤར་ནུབ་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དང་གནས་སྐོར་བ། ལམ་འགྲོ་བ་སོགས་ཧ་ཅང་མང་བས་རྟག་ཏུ་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད་པར་དམིགས་ནས་བསྐྲུན་པ་ཡིན་པར་བརྗོད་འདུག དེ་ཙམ་མ་ཟད་ས་འོག་གི་མིའི་བགྲོད་ལམ་འདི་བསྐྲུན་རྗེས་འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་དེ་དུས་དེ་ནས་བཟུང་འདས་སོང་གི་ལོ་རྒྱུས་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་མ་ཟད། གནམ་ཟམ་དང་། ས་འོག་གི་མིའི་བགྲོད་ལམ་ཡོད་པའི་རྣམ་པ་གསར་པ་ཞིག་ཀྱང་མིག་ལམ་དུ་མངོན་རྒྱུ་ཡིན་ཚུལ་ཡང་བརྗོད་ཡོད་པ་རེད།
བགྲོད་ལམ་དེ་གཉིས་ནི་ནུབ་བྱང་གི་ཕྱོགས་སུ་ཡོད་དེ། ལམ་དེའི་ནུབ་ནས་བྱང་བར་གྱི་རིང་ཚད་ལ་སྨི་དྲུག་ཅུ་ནས་བརྒྱད་ཅུ་ཡོད་པ་དང་། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་ལྔ་སྟོང་ལྷག་བཏང་ཁར། ཨར་ལས་ལག་རྩལ་དང་ས་འོག་བགྲོད་ལམ་གྱི་སྣེ་གཉིས་ཀྱི་སྒོ་མོ་བཅས་ཀྱི་བཟོ་བཀོད་ཡོད་ཚད་ཕོ་བྲང་པོ་ཏཱ་ལའི་ཉེ་འཁོར་གྱི་བཀོད་པ་དང་མཐུན་པར་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པ་བྱས་ཡོད་སྐོར་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བས་གནས་ཚུལ་སྤེལ་འདུག །