རྒྱ་གཞུང་གིས་དུག་བླུད་ནས་ལྒོག་གསོད་བྱེད་གྱི་རེད།
ཚོགས་འདུའི་ཐོག་གི་བརྗོད་གཞི་གཙོ་བོ་ནི་གྲོང་སྡེ་གསར་བ་འདི་འཛུགས་སྐྲུན་བྱེད་མཁན་གྱི་སྲིད་གཞུང་གི་ལས་སྣེ་བ་རྣམས་ལ་བཟང་བསྟོད་དང༌། མུ་མཐུད་ནས་ལས་འགུལ་དེ་འདྲ་སྤེལ་དགོས་པ་དང་སྤེལ་ན་དགེ་མཚན་ཡོད་ཚུལ་སོགས་བརྗོད་སོང༌། ལྷག་པར་དུ་ཉིན་ཁ་ཤས་ཀྱི་རྗེས་ནས་རང་སྐྱོང་ཁུལ་༼དཀར་མཛེས་བོད་རིགས་རང་སྐྱོང་ཁུལ༽དང་ཞིང་ཆེན་༼སི་ཁྲོན་ཞིང་ཆེན་༽ནས་ལྟ་སྐོར་བ་འོང་ཆར་ཡོད་པས། དེའི་ཆེད་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང༌། རྒྱ་གཞུང་དྲིན་ཆེ་བའི་རྣམ་འགྱུར་བཟང་པོ་སྟོན་དགོས་ཞེས་བཤད་སོང༌།
དེ་ནས། བུ་མགོ་ཕས་གཡོག ཕ་མགོ་དགྲས་གཡོག་ཞེས་པའི་དཔེ་ལྟར། ཁ་སང་ས་གནས་སྲིད་གཞུང་གི་ལས་བྱེད་པ་འགའ་ཞིག་གྲོང་གསར་དེར་སླེབས་ནས་མའོ་ཙེ་ཏུང་དང༌། ཏང་ཤོ་ཕིང༌། ཅང་ཙི་མིང༌། ཧོའི་ཅེན་ཐའོ་བཅས་ཀྱི་འདྲ་པར་བཙན་དབང་གིས་ཁང་པའི་ནང་༼གྲོང་པ་གསར་བའི་ཁང་པ།༽སྦྱར་སོང༌། དེའི་སྐབས་སུ་ཚེ་ལྷ་ཞེས་པའི་བུད་མེད་ལོ་ན་བཞི་ཅུ་ལ་ཉེ་བ་ཞིག་གིས་མོ་རང་བསད་ཀྱང་པར་དེ་དག་ཁང་པའི་ནང་དུ་སྦྱར་གྱི་མིན་ཞེས་ངུ་འབོད་དང་དམོད་བཅོལ་གྱི་ལམ་ནས་ངོ་རྒོལ་བྱས་སོང༌། ཡིན་ན་ཡང་སྐབས་དེར་ཉེ་འཁོར་ན་མི་ཚོགས་མང་པོ་ཞིག་འདུག་པ་དག་སུས་ཀྱང་སྐད་རྒྱག་ཕོད་མ་སོང༌། ད་སྐབས་བུད་མེད་དེ་བཙོན་འཇུག་དང་ཉེ་ཆད་བཅད་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མ་སོང༌མོད། ངས་གྲོང་གསར་དེར་བཙན་དབང་གིས་སྤོ་བཅུག་པའི་འབྲོག་པ་རྒད་པོ་ཞིག་ལ་དྲི་བ་ཁ་ཤས་དྲིས་པ་ཡིན། རྒད་པོ་དེས་བཤད་རྒྱུར། གལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་པ་དང་བོད་དོན་སོགས་གླེང་པ་ཡིན་ན་རྒྱ་གཞུང་གིས་དུག་བླུད་ནས་ལྒོག་གསོད་བྱེད་གྱི་རེད་ལ། མི་སུ་འདྲ་ཞིག་གིས་ཀྱང་སྦས་ཤེས་ཀྱི་མ་རེད་ཞེས་སྐད་དམའ་མོའི་སྐོ་ནས་བཤད་སོང༌། ཁོའི་སྐད་ཆ་འདིས་ང་ལ་མཚན་གང་གཉིད་མི་ཁུག་པའི་ཚོར་བ་ཟབ་མོ་ཞིག་སྟེར་སོང༌། དེ་ལྟ་བུའི་འུ་ཐུག་ཐབས་ཟད་གྱི་ངང་ནས་ཤེས་རྨོང་གི་འབྲོག་པ་རྣམས་ལ་འཇིགས་སྐུལ་དང་དབང་ཡོད་བྱེད་གྱི་ཡོད་པ་དེ་ཤེས་དུས་ཁོང་ཁྲོའི་མེ་ལྕེ་དྲགས་དུ་འབར་ཡང་གནས་སྐབས་བྱ་ཐབས་བྲལ། །
བོད་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༥པའི་ཚེས་༡༣ཉིན་ཕུལ།། །། 
འདི་ནི་ངའི་ཕ་ཡུལ་ནགས་ཕྲན་ཕྱུག་མོའི་ཡུལ་ལྗོངས་རེད།
གསལ་བཤད་ཞུ་རྒྱུ། གོང་གནས་ཚུལ་དེ་བོད་ནང་ནས་བཏང་འབྱོར་བྱུང་སོང་།
