འབུམ་ཉི་ཤུ་རྩ་གཅིག་ལྷག་གི་ཞལ་འདེབས།

རང་གཞུང་བཀའ་ཤག་ནས་ལམ་སྟོན་བཀའ་ཡིག་ཕེབས་དོན་ལྟར་མོན་གྷོ་འདོད་རྒུ་གླིང་འགོ་མང་ཡོངས་ནས་བོད་མདོ་ཁམས་སྐྱེ་རྒྱ་མདོར་རང་བྱུང་ས་ཡོམ་གྱི་ཚབས་ཆེའི་གོད་ཆག་ཕོག་པར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དུ་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གྲྭ་ཚང་ཁག་དང། གཞིས་གྲོང་ཁག་ནས་སོ་སོའི་འདུ་ཁང་དང་ཚོགས་ཁང་ནང་དུ་བདུན་ཚིགས་རེ་རེ་བཞིན་བསྔོ་སྨོན་མཆོད་འབུལ་བྱེད་རྒྱུར་མོས་མཐུན་ཐག་གཅོད་བྱུང་བ་བཞིན་དེ་ལྟར་བསྒྲུབས་དང་སྒྲུབ་བཞིན་ཡོད། དེ་བཞིན་ཞལ་འདེབས་བསྡུ་རུབ་ཡང་བློ་གླིང་ལྡན་མ་ཁམ་ཚན་གྱི་སྐྱེ་རྒུ་ནས་ཡིན་པའི་དགེ་འདུན་པ་བཞིའི་རྐང་འགན་གཙང་བཞེས་ཐོག་གྲྭ་ཚང་དང་གཞིས་གྲོང་སོ་སོའི་སྤྱི་མི་དང་ཕྱག་མཛོད་རྣམས་ནས་སྣེ་ཁྲིད་ཀྱིས་ད་ལྟ་བར་མོན་གྷོ་ས་གནས་ནས་གྲྭ་ཚང་ཁག་དགུ་དང་གཞིས་གྲོང་ཁག་དགུའི་ཞལ་འདེབས་བསྡུ་རུབ་བྱས་པ་ཁྱོན་བསྡོམས་ཧིན་སྒོར་༢༡,༣༧,༠༠༠།༠༠(འབུམ་ཉི་ཤུ་རྩ་གཅིག་དང་སུམ་ཁྲི་བདུན་སྟོང་ཐམ་པ་)བྱུང་ཡོད་པ་ཚང་མ་དེ་རིང་དྷ་སའི་༼༤།༡༤་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་བཏང་ཟིན་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང།         །      མོན་གྷོ་གསར་འགོད་པས།