༈ གངས་ཕྲུག་གཉིས་ཀྱི་གླེང་མོལ་བོད་ལ་དུང་བའི་དྲང་ཚིག
དཀོན།
ཏཱ་ཐ་གཱ་ཐའི་ནང་བསྟན་རྒྱ་ཡིས་བཤིགས།།
ཐ་ཤལ་རྒྱ་འདྲེའི་དུག་རླངས་བོད་ལ་ཁྱབ།།
ད་དུང་ཧ་ལ་བསལ་བའི་ཐབས་མེད་ཚེ།།
ན་གཞོན་བོད་ཀྱི་སོན་རྩས་ཇི་ལྟར་བྱེད།།
ཆོས།
པ་སངས་རྒྱུ་སྐར་ལྟ་བུའི་བླ་མ་དེས།།
ཕ་རོལ་དཔུང་གི་གདུག་རྩུབ་ཐབས་ཀྱིས་གཞོམ།།
བ་སོ་རིན་ཆེན་འདྲ་བའི་རིག་གཞུང་དེ།།
མ་ལུས་གངས་ཅན་པ་ཡིས་བསླབ་ན་ལེགས།།
དཀོན།
ཙ་ཙིག་ནང་གི་རྙོག་སྒྲ་མ་ཚར་ནས།།
ཚ་རབས་བུ་ཡི་མདུན་ལམ་མ་སེམས་པར།།
ཛ་དྲག་ཐོག་ལྟར་འབབ་དུས་འགྱོད་སེམས་འདི།།
ཝ་སྐྱེས་ང་ཚོས་ཤུལ་བཞག་མ་ཡིན་ནམ།།
ཆོས།
ཞ་ལོང་འཐེང་ལ་བརྒྱུར་བའི་རྒྱ་དམར་གྱིས།།
ཟ་འདོད་ཁོ་ནའི་གངས་ཅན་བོད་ཀྱི་ལྗོངས།།
འ་འུར་ཟིང་འཁྲུག་སྟོང་གིས་དབང་བརྒྱུར་ཀྱང་།།
ཡ་མེད་བུ་ཡིས་ཤུལ་བཞག་མང་བར་སེམས།།
དཀོན།
ར་མ་ལུག་གི་སྐད་ལ་དགའ་བ་བསྐྱེད།།
ལ་ལུང་བརྒལ་ནས་ཡོང་དོན་ཡུན་གྱིས་བརྗེད།།
ཤ་མཁོན་རྒྱ་ལ་འཇོག་རྒྱུར་བསྐལ་བ་དབེན།།
ས་དྲུག་བོད་པ་ཚང་གིས་ཇི་ལྟར་བྱེད།།
ཆོས།
ཧ་ཧ་དེ་ལྟར་མ་གསུང་བོད་ཀྱི་བུ།།
ཨ་སྡུག་འགའ་དང་འགའ་ཡིས་ནོར་འཁྲུལ་ཡིན།།
ཧ་ཅང་སྙིང་རྗེའི་སེམས་ལྡན་མགོ་ནག་པ།།
ཨ་ཕ་སྤྲེའུའི་རྒྱུད་པ་གླིང་འདིའི་རྒྱན།།
སེར་ཤུལ་་དཀོན་མཆོག་དང་ར་སྐོར་ཆོས་འགྲུབ་ཟུང་གིས་ཕྱི་ལོ་་༢༠༠༩་ཟླ་༧་ཚེས་༢༧་ཉིན་བྲིས།
