བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཕུལ་བ།
ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་གྲོང་ཁྱེར་མེ་ལན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་བཟོད་སྒོམ་ཚོགས་པ་ཞེས་པས་རྗེ་བཙུན་པདྨ་མཆོག་གིས་ད་བར་བོད་ཕྲུག་རྣམས་ལ་བྱམས་བརྩེའི་གཟིགས་སྐྱོང་གནང་བར་ཆེ་བསྟོད་ཀྱི་ཆེད་དུ་བྱ་དགའ་དེ་ཕུལ་བ་ཡིན་པ་དང། ཚོགས་པ་དེའི་ཚོགས་གཙོ་ལྕམ་ཧྥེ་རོ་ལཱ་ཡིས་རྗེ་བཙུན་པདྨ་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་གྱི་དཔེ་མཚོན་ཞིག་ཡིན་པ་དང། ཁོང་ལྟ་བུའི་སྐྱེས་ཆེན་ཞིག་འདིར་ཆིབས་བསྒྱུར་གནང་བར་ཧ་ཅང་གཟི་བརྗིད་ཅན་ཞིག་རེད་ཅེས་གསུངས་ཡོད་པ་རེད།
རྗེ་བཙུན་པདྨ་ལགས་ཀྱིས་གཟེངས་རྟགས་འདི་ནི་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་བློ་སྤོབས་སྐྱེ་གཞི་ཞིག་ཡིན་པ་དང། བོད་ནང་གི་བོད་མི་ཚོ་དཀའ་སྡུག་ཆེན་པོའི་ནང་གནས་ཡོད་པས། ངས་གཟེངས་རྟགས་འདི་བོད་ནང་གི་བོད་མི་རྣམས་ཀྱི་མཚན་ཐོག་ནས་ལེན་གྱི་ཡིན་ཞེས་གསུངས་ཡོད་པ་རེད།།

 
							