ཞེ་དགུའི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར།

དེ་ཡང་ཞེ་དགུའི་ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དབུ་བཞུགས་ཐོག དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་དང་མཁན་ལས་ཟུར། གྲྭ་བཙུན་ཁག དེ་བཞིན་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། འབྲེལ་ཡོད་སྡེ་ཚན་ཁག་གི་དྲུང་ཆེ་ཆུང། དྷ་ས་གནས་འཁོད་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བས་ཞེ་དགུའི་བསྔོ་སྨོན་མཆོད་འབུལ་ཞུས་ཡོད་པ་རེད།

ཞེ་དགུའི་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གི་འགན་ཁུར་བ་དྷ་ས་ས་གནས་འགོ་འཛིན་མཆོག་ལ། འདི་གའི་གསར་འགོད་པས་ཞེ་དགུའི་གོ་སྒྲིག་དང་འདས་པོ་རྣམས་ཀྱི་སྐྱེས་རྟགས་བཞེངས་ཡོད་མེད་སོགས་བཀའ་འདྲི་ཞུས་པར། ས་གནས་འགོ་འཛིན་མཆོག་གིས། “བདུན་ཚིགས་རིམ་སོང་བཞིན་ས་གནས་བདེ་དོན་གྱིས་འགན་གཙོ་བོ་ཁུར་ཡོད་པ་དང། དེ་རིང་གི་ཞེ་དགུ་འདི་འདས་པོ་རྣམས་ཀྱི་བསྔོ་སྨོན་གལ་ཆེན་ཆགས་ཡོད་པས། དྷ་ས་ས་གནས་བདེ་དོན་དང་ས་གནས་འཐུས་ཚོགས། རང་བདེ་ཚོགས་ཆུང་། ཡུལ་ཤུལ་གདུང་སེལ་ཚོགས་ཆུང་བཅས་ཀྱིས་གོ་སྒྲིག་ཞུས་པ་ཡིན། དེ་བཞིན་༧གོང་ས་མཆོག་ལ་ཞེ་དགུའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རོགས་ཞེས་སྐྱབས་འཇུག་ཞུས་པ་བཞིན་ཞལ་བཞེས་གནང་ཡོད་པ་རེད། ཡིན་ནའང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ནས་ཁྱབ་བསྒྲགས་གནང་དགོས་པའི་བཀའ་ཕེབས་པ་བཞིན་དེ་ལྟར་གནང་བ་རེད་”ཅེས་དང། ཁོང་གིས་མུ་མཐུད་ནས། “འདས་པོ་རྣམས་ཀྱི་ཆེད་དུ་སྐྱེས་རྟགས་ཐུབ་དབང་གི་སྐུ་བཞེངས་པ་དང། ཧིན་སྒོར་༡༠༠༠༠༠ བཏང་ནས་ཚོགས་མཆོད་གོ་སྒྲིག་ཞུས་པ། གདུང་སེལ་ཚོགས་ཆུང་སོགས་ཀྱིས་དགེ་འདུན་པ་རྣམས་ལ་སྐུ་འགྱེད་ཕུལ་པ་བཅས་གནང་ཡོད་པ་རེད་”ཅེས་གསུངས་བྱུང།

དེ་བཞིན་བསྔོ་སྨོན་མཆོད་འབུལ་སྐབས་བོད་གཞུང་ཆོས་རིག་བཀའ་བློན་མཆོག་གིས། ཞེ་དགུའི་མཆོད་འབུལ་གོ་སྒྲིག་ཞུ་དགོས་དོན་དང། བསྔོ་སྨོན་འདིའི་དགེ་བའི་མཐུ་ལ་བརྟེན་ནས་འདས་པོ་རྣམས། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་བསྔོ་སྨོན་གྱི་གསོལ་འདེབས་ལྗགས་ཀློག་གནང་སོང།།