གཞོན་སྐྱེས་ཚོའི་ཆེད་དུ་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད།

དེ་ཡང་ཟླ་འདིའི་ཚེས་༡ ཉིན་ནས་ཉིན་གྲངས་༢ རིང་༧གོང་ས་མཆོག་གིས། རྒྱུན་ལྡན་བཞིན་དྷ་སའི་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང། སློབ་གྲྭ་ཁག་གི་སློབ་མ་དང་མཐོ་སློབ་ཁག་ཅིག་གི་སློབ་མ། ཕྱི་རྒྱལ་གྱི་སློབ་མ་ཁག་ཅིག འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་༢༠༠༠ ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་པ་རེད།

intorducktion buddhism 2༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། “ང་ཚོ་རྒྱ་གར་ནང་འབྱོར་ནས་རྒྱུད་གྲྭ་སྟོད་སྨད་ཀྱིས་མཚོན། བཙུན་དགོན་ཁག་གི་ནང་རིགས་ལམ་གྱི་སློབ་གཞི་བཙུགས་པ་རེད། བཙུན་མའི་དགོན་པའི་ནང་དགེ་སློང་མ་བསྒྲུབ་རྒྱུ་དེ་འདུལ་བའི་གཞུང་ལ་བརྟེན་ནས་འགྲོ་དགོས་པ་རེད། དེ་ཡང་ང་ཚོ་བོད་པ་རྐྱང་རྐྱང་གི་ཤོད་སྟངས་དང་འགྲོ་སྟངས་ཀྱི་ཐོག་ལ་འགྲོ་རྒྱུ་དེ་ཁག་པོ་ཞེ་དྲག་རེད་འདུག གཞུང་ཆེན་ལ་བལྟ་རྒྱུ་དེ་ང་ཚོས་ཐག་བཅད་ཐུབ་པ་ཞིག་ཡིན་པས། རིགས་ལམ་བཙུགས་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད། དེ་ནས་མི་སྐྱ་ཕོ་མོ་དང་སློབ་གྲྭ་ཁག་ཏུ་བཙུགས་ན་ཡག་པོ་ཡོད་རེད་ཅེས་སྐད་ཆ་བྱུང་བ་རེད་”ཅེས་དང། ཁོང་གིས་མུ་མཐུད་ནས། “སྤྱིར་བཏང་ནས་ཁྱབ། ཐལ། ཕྱིར་ཟེར་ནས་རྟགས་གསལ་གྱི་འགྲོ་སྟངས་དེ་གཙོ་བོ་རྒྱ་གར་གྱི་མུ་སྟེགས་པའི་གཞུང་ནང་ཕལ་ཆེར་ཡོད་རྒྱུ་རེད། རིག་གནས་ཆེ་བ་ལྔའི་ནང་ནས་ཚད་མ་རིག་པ་ཞེས་ཟུར་དུ་དབྱེ་ཡི་ཡོད་པ་དང། སྤྱིའི་ཆ་ནས་ཚད་མ་དེ་ཕྱི་ནང་ཐུན་མོང་བ་རེད། ཚད་མའི་གཞུང་བྱེ་བྲག་པ་ཚད་མའི་མདོ་ཞེས་པ་དེ་དག་ནང་པའི་གཞུང་ཆགས་བསྡད་ཡོད་པ་རེད། ཚད་མའི་རིག་པ་དེ་ནང་པའི་རིག་པ་དང་སྦྲེལ་ནས་རྟགས་གསལ་གཏོང་སྲོལ་ཡོད་པ་མ་གཏོགས། རིག་གནས་གཞན་དག་ལ་རྟགས་གསལ་གཏོང་སྲོལ་དེ་བྱུང་མི་འདུག དེ་ང་ཚོས་གསར་གཏོད་བྱེད་ཐུབ་ན། གཅིག་བྱས་ན་འཛམ་བུ་གླིང་འདིའི་སྒང་ལ་ཤེས་ཡོན་སྤྲོད་སྟངས་ལ། རིག་ལམ་གྱི་ཐོག་ནས་སྤྲོད་སྟངས་གསར་གཏོད་བྱེད་ཐུབ་སྲིད་པ་རེད་ཅེས། ངས་ཤེས་རིག་གི་ཚོགས་འདུའི་སྐབས་ལའང་ལབ་རྒྱུ་བྱུང་”ཞེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད།

ནང་ཆོས་ངོ་སྤྲོད་འདི་ནི་བོད་མིའི་གཞོན་སྐྱེས་ཚོའི་ཆེད་དུ་ལོ་འགའ་སྔོན་ནས་འགོ་བཙུགས་ཏེ། ལོ་ལྟར་ཉིན་གཉིས་རིང་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་རེད། དེང་སྐབས་གསུང་ཆོས་དབུ་འཛུགས་མ་ཞུས་པའི་སྔོན་དུ་༧གོང་ས་མཆོག་གི་སྐུ་མདུན་དུ་དྷ་སའི་ཉེ་འཁོར་གྱི་བཙུན་མ་ཁག་གཅིག་དང་བོད་ཁྱིམ་གྱི་སློབ་ཕྲུག ཕྱི་རྒྱལ་ནང་ཆོས་དོན་གཉེར་བ། མི་སྐྱ་ལོ་ན་རྒན་པ་ཁག་གཅིག་བཅས་ཀྱིས་མུ་གསུམ་མུ་བཞི་དང་། མཚན་ཉིད་དབྱེ་བ་གྲངས་འདྲེན་གྱི་རྟགས་གསལ་གཏོང་གི་ཡོད་པ་རེད། །