འདི་ལྟ་བུའི་གཏམ་གླེང་རྒྱུན་པར་བྱ་ཐུབ་ན་བསམ་ཡོད།
ཝང་ལིས་ཞུང་གིས། ངས་ཁྱེད་ལ་འབྱུང་འགྱུར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་སྐོར་བཀའ་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་འཚོ་བཞེས་མེད་པའི་གནས་སྐབས་སུ་ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཉིས་ཡོད་པ་ནང་བཞིན་ཆགས་སྲིད་པས། དེའི་ཐད་གང་ཉིད་ལ་དགོངས་འཆར་ག་རེ་ཡོད། ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་སྐབས་རྒྱ་གཞུང་གིས་རྒྱལ་ནང་དུ་སྤྲུལ་སྐུ་ཞིག་འདེམས་རྒྱུ་གཏན་འཁེལ་བས་ཟེར་བའི་དྲི་བ་འདི་གཉིས་སྤྱིའི་ཆ་ནས་གཅིག་མཚུངས་རེད། འདི་ཐད་ནས་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད།
གོང་ས་མཆོག་གིས། ཕྱི་ལོ ༡༩༦༩ ལོའི་སྐབས་སུ་ངས་ཕྱི་ཕྱོགས་ལ་དངོས་གཞིའི་ཁྱབ་བསྒྲགས་ཞིག་བྱས་ཡོད། དེ་ནི་ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་བྱ་ཕྱོགས་ཀྱི་སྒྲིག་གཞི་འདི་ཕྱིས་འབྱུང་རྒྱུན་སྐྱོང་བྱ་རྒྱུ་ཡིན་དང་མིན་ཟེར་བ་འདི་རེད། ཨ་ཅང་ཅང་དོན་གནད་འདི་བོད་མི་དམངས་ལ་སྐད་ཆ་འདྲི་དགོས་པ་རེད་ལ་བོད་མི་དམངས་ཀྱི་ཐག་གཅོད་ལ་རག་ལས་ཡོད། གཞན་ཡང་ཕྱི་ལོ ༡༩༩༢ ལོར་ངས་གཞུང་འབྲེལ་གྱི་སྒོ་ནས་དངོས་སུ་ཁྱབ་བསྒྲགས་ཀྱང་བྱས་པ་ཡིན། དེའི་ནང་དུ་འབྱུང་འགྱུར་བོད་ཀྱི་གནད་དོན་ཐག་གཅོད་བྱུང་མཚམས། བོད་གཞུང་གི་གོ་གནས་གང་ཡང་ཁུར་རྒྱུ་མིན་པ་ངོས་ནས་གསལ་བརྗོད་བྱས་ཡོད། བོད་ཀྱི་ལས་དོན་མཐའ་དག་པ་བོད་ནང་དུ་གོ་གནས་འཁུར་བཞིན་པའི་དབུ་ཁྲིད་ཚོས་མུ་མཐུད་འགན་འཁུར་ཆོག ངའི་གོ་དབང་ཡོད་ཚད་མི་དམངས་ཀྱིས་བདམས་ཐོན་བྱུང་བའི་བོད་ཀྱི་དབུ་ཁྲིད་དེར་རྩིས་སྤྲོད་བྱ་རྒྱུ་ཡིན། ཕྱི་ལོ་ ༢༠༠༡ ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་འཛིན་བཀའ་ཁྲི་མི་མང་གིས་འདེམས་ཐོན་བྱུང་ཡོད། གཞུང་འཛིན་བཀའ་ཁྲིའི་འགན་འཁུར་གྱི་ཡུན་ཚད་ལོ་ལྔ་རེ་ཡིན། དེའི་རྐྱེན་གྱིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་སྒྲིག་གཞི་མ་ལག་འདི་དེ་ཙམ་གྱི་གལ་ཆེན་མ་རེད་བསམས་ཡོད། ང་བདེ་ཐང་ངང་བསྡད་ཡོད་པ་འདིའི་རིང་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་སྐོར་ཇི་ལྟར་བྱ་དགོས་མིན་འབད་བརྩོན་བྱེད་ཀྱི་ཡིན། ཡིན་ནའང་། འདིའི་ཐད་ནས་རྒྱ་ནག་སྲིད་གཞུང་གིས་ང་ལས་ལྷག་པའི་ཐུགས་ཁུར་གནང་གི་ཡོད། ༼ བཞད་གད་མཛད ༽ རྒྱུ་མཚན་འདི་འདྲར་སོང་བས་པཎ་ཆེན་གཉིས་ཐོན་པ་ནང་བཞིན་ཡོང་སྲིད་པ་རེད། འོན་ནའང་། འདི་ལྟ་བུས་དངོས་དོན་ལ་དེ་འདྲའི་རོགས་པ་ཐོན་གྱི་མ་རེད།
ཝང་ལིས་ཞུང་གིས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨིར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་ལ་ལྟ་ཚུལ་ཅི་འདྲ་ཡོད།
གོང་ས་མཆོག་གིས། ཕྲན་གྱིས་ཤེས་པ་ལྟར་ན་ཁོང་སྤྱང་གྲུང་ལྡན་པ་དང་། ནང་ཆོས་སློབ་གཉེར་ལ་ཡང་འབད་བརྩོན་བྱེད་ཀྱི་ཡོད་འདུག ཡིན་ནའང་། མི་མང་གིས་ཁོང་ལ་ད་དུང་ཡང་དོགས་པའི་རྣམ་འགྱུར་ཞིག་བཟུང་ཡོད། ངས་བསམས་ན། གཙོ་བོ་དེ་ཁོ་རང་ལ་ཐུག་ཡོད་པ་རེད་སྙམ་ཡོད། ནང་ཆོས་ཉམས་ལེན་ལ་བྱས་རྗེས་ཡོད་མཁན་ཞིག་ཆགས་ཐུབ་དང་མི་ཐུབ་དེ་ཧ་ཅང་གི་གལ་ཆེན་རེད། འདི་ནི་རང་ཉིད་ལ་བརྟེན་དགོས་པ་ཡིན།
ཝང་ལིས་ཞུང་གིས། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བྱས་པའི་སྐོར་ཡིན། གྲོས་མོལ་ཐེངས་ག་ཚོད་བྱས་ན་ཡང་མཇུག་འབྲས་མེད་དོན་ཅི་ཞིག་རེད། དོན་དམ་པས་ཕྱོགས་གཉིས་གནད་དོན་གང་ཞིག་གི་ཐོག་ནས་འདོད་མཐུན་ཡོང་གི་མེད་པ་རེད། མི་ལོ་བཅུ་གྲངས་རིང་འདི་དོན་གྲོས་མོལ་བྱས་ནའང་གྲུབ་འབྲས་མེད་དོན་གང་རེད།
གོང་ས་མཆོག་གིས། དོན་དག་ཆེ་ཤོས་ནི་རྒྱ་ནག་གཞུག་གིས་བོད་ལ་གནད་དོན་མེད་པ་དང། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཁོ་ན་རེད་ཅེས་ཤོད་ཀྱི་ཡོད་པས་རེད། དོན་དངོས་ཐོག་ང་མི་སྒེར་ལ་གནད་དོན་གང་ཡང་མེད། གཙོ་བོ་བོད་མི་ཁྲི་ཚོ་དྲུག་བརྒྱའི་རིག་གཞུང་དང་། ཆོས་ལུགས། དེ་བཞིན་ཁོར་ཡུག་བཅས་ཀྱི་གནད་དོན་ལ་ཐུག་ཡོད་པ་རེད། དུས་ནམ་ཞིག་ལ། དབུས་གཞུང་གིས་ཤར་ཏུར་ཁི་སི་ཐན་ལ་གནད་དོན་ཡོད་པ་ཁས་ལེན་བྱས་པ་ལྟར་དུ། བོད་ཀྱི་གནད་དོན་ཁས་ལེན་རྒྱུ་དང་། མ་ཟད། དོན་གནད་འདིར་གདོང་ལེན་ཡང་བྱ་དགོས། གནད་དོན་འདིར་འབད་བརྩོན་གྱིས་ཐག་གཅོད་བྱེད་པ་དེའི་ཚེ། ངས་ཕྱར་གྲུ་མཉམ་འདེགས་བྱེད་ཀྱི་རེད། ཅིའི་ཕྱིར་ཞེ་ན། དེའི་ཚེ་ང་ཚོའི་དམིགས་འདུན་གཅིག་ཏུ་བབས་ཡོད་པས་ཡིན་ལ། བོད་ཀྱི་འཛུགས་སྐྲུན་དང་ཡར་རྒྱས། མཐུན་སྒྲིལ་བཅས་ཀྱི་སླད་དུའང་ཡིན། མིག་སྔར་རྒྱ་ནག་གཞུང་གི་བྱེད་བབས་བཙན་ཤེད་རང་བཞིན་གྱི་ལག་ཐབས་སྤྱད་ཡོད། ཁོང་ཚོས་བོད་ཀྱི་བརྟན་ལྷིང་ནན་བཤད་བྱེད་ཀྱིན་ཡོད་ནའང་། ངའི་བསམས་པར་བརྟན་ལྷིང་ནི་མིའི་སེམས་གཏིང་ནས་ཡིད་ཆེས་དང་བློ་གཏད་བྱས་ནས་ཡོང་དགོས་པ་ཞིག་རེད་སྙམ་ཡོད།
ཝང་ལིས་ཞུང་གིས། མ་འོངས་པར་རྒྱ་ནག་གི་ཆབ་སྲིད་འགྲོ་ཕྱོགས་ཇི་ལྟར་འཕེལ་རྒྱས་ཕྱིན་པ་ཡིན་ནའང་། ད་ལྟའི་རྒྱ་མི་རིགས་དང་བོད་ཀྱི་མི་སེར་དཀྱུས་མའི་དབར་འཁོན་འགྲས་ཆེ་རུ་འགྲོ་བཞིན་ཡོད། བོད་མི་གང་མང་ཞིག་ནས་གནད་དོན་དེ་དག་སྟབས་བདེ་བོའི་སྒོ་ནས་རྒྱ་མི་རིགས་ལ་ནག་ཉེས་གཡོག་གི་ཡོད། དོན་ངོ་མས་ང་ཚོ་རྒྱ་མི་ཡང་འདི་ལྟ་བུའི་སྲིད་དབང་གཅིག་སྡུད་ཀྱི་གནོད་འཚེ་མྱོང་མཁན་ཡིན་པ་གཅིག་མཚུངས་ཡིན། ཁྱེད་ཀྱིས་གནད་དོན་འདིར་དགོངས་ཚུལ་ག་རེ་ཡོད།
གོང་ས་མཆོག་གིས། རྒྱ་བོད་བར་གྱི་འབྲེལ་བ་དེ་ཕྱི་ལོ ༡༩༤༩ དང་། ཡང་ན། ༡༩༥༠ ནས་བྱུང་བ་ཞིག་མིན། མི་རིགས་གཉིས་ཀྱི་འབྲེལ་བ་དེ་ལོ་ངོ་སྟོང་ཚོ་གཅིག་ལྷག་གོང་ལ་ཁུངས་འདེད་བྱ་དགོས་ཀྱི་ཡོད། འདི་འདྲའི་འབྲེལ་བ་དེར་ལོ་རྒྱུས་ནང་སྐབས་རེ་ཧ་ཅང་མཐུན་པོ་བྱུང་ཡོད་ལ། ལན་རེར་རྩོད་འཛིང་བྱེད་ཀྱི་ཡོད། ད་ཆ། རྩོད་རྙོག་ཅིག་གི་སྐབས་སུ་གནས་ཡོད་ཅེས་བརྗོད་ཆོག་པ་ཡིན། རྩ་བའི་གནད་དོན་དེ་གཞུང་གིས་བཟོས་པ་ཞིག་ཡིན་པ་ལས་མི་དམངས་ཀྱིས་བྱས་པ་མིན། དེས་ན། ང་ཚོ་མི་དམངས་དང་མི་དམངས་དབར་གྱི་འབྲེལ་བ་ནི་ཆེས་ཤིན་ཏུ་གལ་ཆེན་རེད། འདི་དག་ལ་བསམས་ཏེ་ང་ཚོས་རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་གསར་སྐྲུན་བྱ་རྒྱུར་འབོད་སྐུལ་དང་བསམ་མཆར་བཏོན་ཡོད་ལ་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད། དཀའ་ངལ་ཆེ་ཤོས་ཞིག་ནི། ཏེང་ཞོ་ཕིང་གིས་བཏོན་པའི་དངོས་ཐོག་བདེན་འཚོལ་ལ་ལག་བསྟར་མ་བྱས་པ་དེ་རེད། ཧུའུ་ཡོ་པང་ལྟ་བུས་གནད་དོན་དངོས་ལ་རྒྱུས་ལོན་བྱ་ཆེད། འབད་བརྩོན་ཆེན་པོ་བྱས་པ་རེད། ཉེ་བའི་ཆར་སྲིད་བློན་ཝིན་ཅཱ་པའོ་ཡིས་རྩོམ་ཡིག་ཅིག་ནས་ཧུའུ་ཡོ་པང་གི་ལས་ཀའི་སྤྱོད་ཚུལ་ལ་གདེངས་འཇོག་གནང་བ་རེད། གཞུང་ཕྱོགས་གི་ཡིག་ཆ་རྐྱང་རྐྱང་ལ་ཁུངས་འཛིན་མ་བྱས་པར་དོན་དངོས་ལ་རྒྱུས་ཡོད་བྱས་པ་རེད། དེ་བཞིན་དུ། རྒྱ་ནག་ནང་ཁུལ་དུ་དོན་དངོས་གནས་ཚུལ་ཤེས་རྟོགས་མེད་པ་དང་། སྤྱི་ཚོགས་ནང་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་གནད་དོན་ཆེན་པོ་ཞིག་བཟོས་པ་རེད། གལ་ཏེ་ཕྱི་གསལ་ནང་གསལ་བྱུང་བ་ཡིན་ན་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ལྐོག་བཟའ་རུལ་སུངས་ཉུང་དུ་གཏོང་བ་བཅས་ལ་ཕན་ཆ་ཆེན་པོ་ཡོང་གི་རེད།
ཝང་ལིས་ཞུང་གིས། རྒྱ་བོད་མི་རིགས་དབར་གྱི་མཛའ་མཐུན་འབྲེལ་བ་སྲུང་སྐྱོང་བྱ་རྒྱུར་སྐུ་ཉིད་ལ་ཐབས་ཤེས་གང་ཡོད།
གོང་ས་མཆོག་གིས། མ་གཞི་ངོས་རང་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་གང་དུ་སླེབས་པ་ཡིན་ནའང་། མི་ཞིག་གི་སེམས་ཁམས་ཁུར་ནས་ཡོད་དུས། གང་མང་མང་ཞིག་ནས་བརྩི་བཀུར་དང་ངོས་ལེན་ཐོབ་བྱུང་། གལ་ཏེ། རྒྱ་བོད་མི་རིགས་གཉིས་ལ་གཅིག་མཚུངས་ཀྱི་བསམ་པ་དང་། འདྲ་མཉམ་གྱི་རྨང་གཞི་ཞིག་ཡོད་ན། གནད་དོན་མང་པོ་ཞིག་ཐག་གཅོད་བྱ་ཐུབ་ཀྱི་རེད། ངོས་ནས་རྒྱུན་པར་སྐམ་ས་ཆེན་མོ་ནས་ཡོང་བའི་མི་དམངས་དང་ཐུག་འཕྲད་བྱེད་ཀྱི་ཡོད། ཕྲན་གྱིས་ཁོང་ཚོ་ཧ་ཅང་གི་བསམ་པ་རྣམ་དག་ཅིག་རེད་བསམ་གྱི་ཡོད། དེའི་རྐྱེན་གྱིས་ང་ཚོ་ཕན་ཚུན་འབྲེལ་གླེང་བྱ་རྒྱུར་དཀའ་ཚེགས་ཅི་གང་འཕྲད་ཀྱི་མེད། མི་དང་མིའི་བར་དུ་དོགས་པ་རྣམ་རྟོག་སྐྱེ་བ་འདི་ནི་རྒྱ་བོད་མི་རིགས་གཉིས་གཅིག་པུའི་གདོང་དུ་འཕྲད་པ་ཞིག་མིན། འདི་ནི་འཛམ་གླིང་ཡོངས་རྫོགས་གཅིག་མཚུངས་རེད། དེའི་ཕྱིར་ན་ང་ཚོ་ཕན་ཚུན་འབྲེལ་གཏུག་བྱ་རྒྱུ་ཙམ་མ་ཟད་དོགས་པ་རྣམ་རྟོག་དག་ཀྱང་སེལ་དགོས་པ་རེད། ངོས་ནས་ས་སྒང་འདིའི་ཐོག་གི་མི་སུ་འདྲ་ཞིག་འཕྲད་པ་ཡིན་ནའང་། མི་དང་མིའི་བར་གྱི་འཆམ་མཐུན་ལ་ནན་བརྗོད་བྱེད་ཀྱི་ཡོད། འདི་ལྟར་བརྗོད་དགོས་དོན་རྒྱུ་མཚན་གཉིས་ཡོད། གཅིག་ནི། ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་པས་རེད། འདི་ནི་རྨང་གཞི་ལྟ་བུ་ཞིག་རེད་ལ། གལ་འགངས་ཀྱང་ཧ་ཅང་ཆེན་པོ་རེད། གཉིས་སུ། ཆོས་ལུགས་དང་རིག་གནས། སྐད་ཡིག་བཅས་ཐ་དད་དུ་ཡོད་པས་ཡིན། གཅིག་དགུ་ང་བཞི་དང་ང་ལྔར་ངོས་རང་པེ་ཅིང་དུ་ཡོད་སྐབས། ཕྲན་གྱིས་མར་ཁེ་སིའི་གཞུང་ལུགས་ནས་རྒྱལ་མཚམས་མེད་པའི་རིང་ལུགས་ནན་བརྗོད་བྱེད་ཀྱི་ཡོད་པ་ཤེས་ཡོད། དེས་མི་ཚང་མ་གཅིག་མཚུངས་ཡིན་པ་བསྟན་པ་རེད། གནད་དེར་ངོས་ནས་མོས་མཐུན་ཆེན་པོ་ཡོད།
ཝང་ལིས་ཞུང་གིས། ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འབྲེལ་བའི་ཡིག་ཆ ༽ཞེས་པའི་ནང་དུ་ཇི་ལྟར་བྱས་ཏེ་བོད་ནང་གི་རྒྱ་མི་རིགས་ཚོའི་ཁེ་དབང་སྲུང་སྐྱོབ་བྱ་མིན་སྐོར་བཀོད་མི་འདུག་པས། ཁྱེད་ཀྱིས་རང་སྐྱོང་ཐོབ་རྗེས་ད་ལྟ་བོད་ཁུལ་དུ་གནས་སྡོད་བྱ་བཞིན་ཡོད་པའི་རྒྱ་མི་རིགས་འདི་ཚོ་མུ་མཐུད་གནས་སྡོད་བྱ་ཆོག་པར་ངོས་འཛིན་བྱེད་ཀྱི་ཡོད་དམ། སྐུ་ཉིད་ཀྱིས ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འབྲེལ་བའི་ཡིག་ཆ ༽ ཞེས་པ་ནས་བོད་ཁུལ་དུ་གནས་སྡོད་ཀྱི་རྒྱ་མི་རིགས་ཚོ་ཇི་ལྟར་བྱས་ནས་འདྲ་མཉམ་ངང་ཐོན་སྐྱེད་དང་འཚོ་བ་སྐྱེལ་རྒྱུའི་ཁེ་དབང་ལ་འགན་ཐེག་ཡོད་མིན་སྐོར་འགྲེལ་བརྗོད་ཅིག་བྱ་ཐུབ་བམ། རྒྱ་མི་མང་པོ་ཞིག་གིས་ཁྱེད་ཀྱི་རང་སྐྱོང་ནི་རྣམ་པ་བསྒྱུར་བའི་རང་བཙན་དུ་ངོས་འཛིན་བྱ་བཞིན་ཡོད། གང་ལགས་ཤེ་ན། རང་སྐྱོང་སྲིད་གཞུང་གིས་རྒྱ་མིར་མཐོང་ཆུང་དང་ཕྱིར་འབུད་བྱ་རྒྱུར་དོགས་པ་བཟའ་བཞིན་ཡོད་པས་རེད།
གོང་ས་མཆོག་གིས། སྔ་དུས་སམ་གཅིག་དགུ་ལྔ་བཅུའི་གོང་དུ་བོད་ཡུལ་ན་རྒྱ་མི་གནས་སྡོད་བྱ་མཁན་ཡོད། ངོས་རང་གི་སྐྱེ་ཡུལ་ནའང་ཁ་ཆེའི་ཆོས་ལུགས་ལ་དད་མོས་བྱ་མཁན་གྱི་ཧུའུ་མི་རིགས་ཡོད་ལ་རྒྱ་མི་རིགས་ཀྱང་ཡོད། འབྱུང་འགྱུར་ནང་རྒྱ་མི་རིགས་གནས་སྡོད་བྱ་མཁན་ཏན་ཏན་ཡོང་གི་རེད། ཡིན་ནའང་། གནད་འགག་ཐུག་ས་ཞིག་ནི་ད་ལྟའི་ནང་སོག་ལྟ་བུ་ཆགས་མི་རུང་བ་དེ་རེད། སོག་རིགས་ཚོ་གྲངས་ཉུང་བ་ཆགས་ཡོད་པ་རེད། འདི་ལྟར་བྱས་ཚེ་རང་སྐྱོང་གི་དོན་སྙིང་བོར་བ་རེད། བོད་ས་འགའ་ཞིག་ཏུ་རྒྱ་མི་རིགས་ཀྱི་མི་འབོར་ཇེ་མང་ལ་ཕྱིན་པའི་སྟབས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཇིག་ཉེན་ཚབས་ཆེན་འཕྲད་ནས་ཡོད།
ཝང་ལིས་ཞུང་། སྐུ་ཉིད་ཀྱི་ཕྱག་དེབ་ནང་བཀོད་པ་ལྟར་ན། བོད་ཡུལ་ནི་ཞི་འཇམ་ལྡན་པའི་ནང་པའི་རྒྱལ་ཁབ་ཅིག་ལ་འགྲེལ་བརྗོད་བྱས་པ་དང་། རྒྱ་ནག་གཞུང་གིས་མུན་ནག་དང་ཞིང་བྲན་ས་ཁུལ་ཞིག་ཏུ་འགྲེལ་བཤད་བྱས་པ་གཉིས་བར་ཐག་ཧ་ཅང་རིང་པོ་འདུག མ་ཟད། པར་རིས་དང་བརྙན་ཕབ་མང་པོ་ཞིག་ནས་དེ་སྔོན་ཞིང་བྲན་ལམ་ལུགས་གི་གདུག་རྩུབ་དང་མུན་ནག་དངོས་ར་འཕྲོད་ཡོད། སློབ་དཔོན་ཆེན་མོ་མཆོག་ནས་ཧེ་བག་འདི་ཙམ་ཇི་ལྟར་བྱས་ནས་བྱུང་བ་ཡིན་པ་འགྲེལ་བཤད་ཅིག་བརྒྱབ་ན་འགྲིག་གམ།
གོང་ས་མཆོག་གིས། སྔ་དུས་ཀྱི་བོད་ཟེར་ནའང་འདྲ། གཅིག་དགུ་ལྔ་བཅུའི་གོང་དུ་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་རེད། སྒྲིག་ལམ་འཐུས་ཚང་མེད་པ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད། སུས་ཀྱང་སྔ་མོའི་བོད་ནི་ལྷ་ཡུལ་རེད་ཅེས་ཤོད་ཀྱི་ཡོད་པ་མ་རེད། ད་ལྟའི་བོད་ཕྱི་ནང་གིི་རྩམ་ཟན་ཁྲོད་དུ། མི་སུ་ཞིག་གིས་ཀྱང་ལམ་ལུགས་རྙིང་པར་བསྐྱར་ལོག་བྱ་བསམ་གྱི་ཡོད་པ་མ་རེད། དེ་ནི་རྨི་ལམ་ན་ཡང་རྨིས་མྱོང་ཡོད་ཀྱི་མ་རེད་ཅེས་བཤད་ཆོག་པ་ལྟ་བུ་རེད། ཕྱོགས་གཞན་ཞིག་ནས་རྒྱ་ནག་སྲིད་གཞུང་གིས་སྔ་མོའི་བོད་ཀྱི་སྤྱི་ཚོགས་ནི་དམྱལ་ཁམས་ནང་བཞིན་རེད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། འདི་ལྟ་བུའི་བུའི་འགྲེལ་བརྗོད་དང་དོན་དངོས་གཉིས་ལའང་བར་འགྱངས་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་དེ་སྔོན་རྒྱ་ནག་གིས ༼ སྐྱེ་མི་ཆོག་པའི་མི ༽ ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པ་དེ་ཡང་ཁྱབ་བསྒྲགས་འབའ་ཞིག་གི་ཆེད་དུ་ཡིན་པ་རེེད། བོད་མི་གང་མང་ཞིག་གིས་ཁས་ལེན་བྱ་ཐབས་ཡོད་པ་མ་རེད། ཅིའི་ཕྱིར་ཞེ་ན། གློག་བརྙན་གྱི་ནང་དོན་དང་དོན་དངོས་མཐུན་གྱི་མེད་པས་རེད། དཔེར་མཚོན་ན། རིག་གསར་སྐབས་སུ་རིག་གནས་གསར་བརྗེ་བྱས་པས་རྒྱལ་ཁ་ཆེན་པོ་ཐོབ་པ་ནན་བཤད་བྱེད་ཀྱི་ཡོད། ཡིན་ནའང་། དེའི་རྗེས་ནས་དངོས་ཡོད་གནས་ཚུལ་ལ་སྦ་གསང་བྱ་ཐབས་མེད་པ་ཆགས་དུས། དེ་ལྟ་བུའི་དྲིལ་བསྒྲགས་ལ་སྟོབས་ཤུགས་གང་ཡང་ཡོད་པ་མ་རེད། དེ་བཞིན་དུ་དྲུག་བཞིའི་གནད་དོན་ཡང་གཅིག་མཚུངས་རེད། འཛམ་གླིང་ཡོངས་ཀྱིས་ཧ་གོ་ནས་ཡོད་པ་རེད། འོན་ཏེ། རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱེད་སྐབས་ཕལ་ཆེར་གནས་ཚུལ་ཅི་ཡང་བྱུང་མེད་པ་ལྟར་བརྗོད་ཀྱི་ཡོད། གནད་དོན་ཆེས་གལ་འགངས་ཆེ་ཤོས་ཤིག་ནི། ཁྱོད་ཚོ་མི་རེ་ངོ་རེ་
ནས་དྲང་བདེན་དང་། དངོས་ཡོད། ཚན་རིག་བཅས་ལ་བརྟེན་ནས་བརྟག་དཔྱད་དང་ཞིབ་འཇུག་བྱ་དགོས་ངེས་རེད། འདི་ནི་ཧ་ཅང་གཙིགས་ཆེན་རེད། ངས་རྣམ་ཀུན་བོད་མི་ཚོར་ཤོད་ཀྱི་ཡོད། ངས་བཤད་པ་ལ་བརྟེན་ནས་ཁྱོད་ཀྱིས་ཁས་ལེན་དང་དང་ལེན་བྱ་མི་དགོས། ཁྱོད་ཚོས་རྟོག་ཞིབ་བྱོས་ཞེས་ཤོད་ཀྱི་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་ཁྱོས་ཚོས་ངས་བཤད་པའི་བསླབ་བྱ་ལ་ཡང་དབྱེ་ཞིབ་དང་ཤེས་རྟོགས་གཏིང་ཚུགས་བྱ་དགོས།
ཝང་ལིས་ཞུང་གིས། གལ་ཏེ་ད་ལྟའི་རྒྱ་ནག་གཞུང་གིས་སྐུ་ཉིད་ཕྱིར་བོད་དུ་ཕེབས་བཅུག་པ་དང་། བོད་རང་སྐྱོང་བྱ་བཅུག་པ་ཡིན་ན། ཁྱེད་ཀྱིས་བོད་དུ་ཆབ་སྲིད་ལམ་ལུགས་ག་འདྲ་ཞིག་བསྣམས་ཕེབས་རྒྱུའི་རེ་བའམ་འཆར་གཞི་ཡོད།
གོང་ས་མཆོག་གིས། འདི་ནི་གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་བོད་མི་ཚོ་དང་། ལྷག་པར་དུ་ཤེས་ཡོན་པ་ཚོའི་དངོས་ཐོག་བདེན་འཚོལ་གྱི་རྣམ་པ་ལ་བལྟས་ནས་ཐག་གཅོད་བྱ་རྒྱུ་རེད། འདས་པའི་མི་ལོ་ལྔ་བཅུའི་ནང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་སྤྱི་ཚོགས་ཀྱི་ལམ་ལུགས་མང་གཙོ་ཅན་དུ་མངོན་འགྱུར་བྱུང་ཟིན་པ་རེད།
ཝང་ལིས་ཞུང་གིས། དྲི་བ་འདི་ནི་ཕལ་ཆེར་རྣོ་ངར་ཅན་ཞིག་རེད་པས། ངས་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུའི་འདོད་པ་ཆེན་པོ་ཡོད། རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཉིད་ལ་སྐྱོན་བརྗོད་ཤུགས་ཆེ་ཤོས་ཤིག་ཀྱང་རེད། དེ་ནི་ཁྱེད་ཀྱིས་བོད་དུ་དམག་དཔུང་བཅའ་སྡོད་མི་བྱེད་པའི་རེ་བ་བཏོན་ཡོད་པ་དེ་རེད། འདི་ནི་རྣམ་པ་བསྒྱུར་བའི་རང་བཙན་གྱི་རྩ་བའི་སྣང་ཚུལ་ཞིག་རེད་ཟེར་གྱི་ཡོད། ཁྱེད་ཀྱིས་ད་ལྟ་ཡང་འདི་ལྟར་བོད་དུ་དམག་དཔུང་བཅའ་སྡོད་མི་བྱ་བར་རེ་བ་རྒྱག་གི་ཡོད་དམ། དམག་དཔུང་བཅའ་སྡོད་བྱ་ཆོག་རྒྱུ་ནི་ས་ཁོངས་བདག་དབང་གི་དབང་ཆ་གལ་ཆེན་ཞིག་རེད། བོད་དུ་དམག་དཔུང་སྡོད་མི་ཆོག་པའི་ལངས་ཕྱོགས་འདི་ནི་རྒྱ་ཆེའི་རྒྱ་མི་མང་ཡོངས་རྫོགས་ཀྱིས་ཕལ་ཆེར་དང་ལེན་བྱ་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་ལྟ་ཚུལ་འདིར་མཚམས་འཇོག་བྱ་སྲིད་དམ།
གོང་ས་མཆོག་གིས། སྤྱིར་ང་ཚོས་རང་སྐྱོང་ཤོད་ཀྱི་ཡོད། ཡིན་ནའང་ཕྱི་འབྲེལ་དང་རྒྱལ་སྲུང་དབུས་གཞུང་ནས་འགན་འཁུར་དགོས་ཞེས་རྣམ་ཀུན་ནས་ཁ་གསལ་གཏིང་གསལ་བརྗོད་ཀྱི་ཡོད། སྔ་དུས་ནས་ཕྲན་གྱིས་བརྗོད་མྱོང་། རྒྱ་གར་དང་བལ་ཡུལ་བཅས་མཐའ་འཁོར་རྒྱལ་ཁབ་ཁག་དང་མཛའ་གྲོགས་ཆགས་པ་ཡིན་དུས། ཕན་ཚུན་ཡིད་ཆེས་ཡོད་པ་རེད། དེའི་དུས་སུ་བོད་ཞི་བདེའི་ས་ཁུལ་ཞིག་ཆགས་པ་རེད། འདི་ནི་རེ་བ་དང་ཕུགས་བསམ་ཞིག་རེད། གཅིག་པ་རེད། འཛམ་གླིང་ཡོངས་གཅིག་པ་རེད། དེར་བརྟེན་སེམས་ཁྲལ་བྱ་དགོས་པ་མ་རེད།
ཝང་ལིས་ཞུང་གིས། མིག་སྔའི་གནས་བབ་ནས་བལྟས་པ་ཡིན་ན། སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་རིང་ཞི་བའི་ངང་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུའི་རེ་བ་མེད་པ་ལྟར་ཆགས་ཡོད། སྐུ་ཉིད་ནས་བོད་ཀྱི་མདུན་ལྗོངས་ལ་ཅི་ལྟར་ལྟ་གི་ཡོད།
གོང་ས་མཆོག་གིས། རྒྱ་ནག་དམར་ཤོག་དབུ་བརྙེས་ནས་ལོ་ངོ་དྲུག་ཅུའི་ནང་བལྟས་པ་ཡིན་ན། ཕྲན་ནས་མའོ་ཡི་དུས་རབས་དང་། ཏེང་གི་དུས་རབས། ཅང་གི་དུས་རབས། ཧུའུ་དུས་རབས་བཅས་དབྱེ་བ་ཕྱེ་ཡི་ཡོད། འགྱུར་བ་ཧ་ཅང་ཆེན་པོ་ཐེབས་པ་རེད། དེའི་ཕྱིར་མི་རིགས་སྲིད་ཇུས་འགྱུར་བ་འགྲོ་ངེས་ཡིན་པ་ཕྲན་ཡིད་ཆེས་བརྟན་པོ་ཡོད། ལྷག་ཏུ་བོད་ཀྱི་གནད་དོན་ཕན་ཚུན་རོགས་རེས་ཀྱི་རྨང་གཞིའི་ཐོག་ཐག་གཅོད་བྱ་ཐུབ་ཀྱི་རེད། དེ་སྔོན་བོད་དུ་ལས་ཀ་བྱས་ནས་ད་ལྟ་ལས་འཁྱུར་ངལ་གསོ་ན་ཡོད་པའི་ལས་བྱེད་དང་ཏང་ཡོན། དེ་བཞིན་རྒྱ་ནག་གི་ཤེས་ཡོན་པ་ཚོས་མི་རིགས་སྲིད་ཇུས་ལུགས་མཐུན་མེད་པའི་བསམ་འཆར་འདོན་འགོ་བརྩམས་ནས། མི་རིགས་སྲིད་ཇུས་ལ་བསྐྱར་ཞིབ་དང་ཡར་རྒྱས་གཏོང་དགོས་པ་བརྗོད་ཡོད། དེས་ན། ངོས་ཀྱི་བསམ་པར་རིང་མིན་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད་ལ། གནད་དོན་ཐག་གཅོད་བྱ་ཐུབ་ཀྱི་རེད་བསམས་ཡོད།
ཝང་ལིས་ཞུང་གིས། གུས་བཀུར་འོས་པའི་ཏཱ་ལའི་བླ་མ་མཆོག རྒྱ་ཡིག་དྲ་གྲོགས་ཚོས་བཏོན་གནང་བའི་དྲི་བ ༢༧༠ནས་དེ་རིང་ང་ཚོས་ཉུང་ངུ་ཞིག་བཏུས་ཏེ་མགོ་བརྩམས་པ་རེད། སྐུ་ཉིད་ཀྱིས་ལན་འདེབས་གནང་བ་ཁག་ལ་ལྟ་ཚུལ་དང་གནད་དོན་གསར་པ་བཅས་ད་དུང་ཡང ༼ ཏཱ་ལའི་བླ་མ་དང་ཋེ་ཋེར་དྲ་ཐོག་གི་གཏམ་གླེང ༽ ནང་མུ་མཐུད་འཕར་སྣོན་ཡོང་གི་རེད་པས། གང་ཉིད་ནས་མུ་མཐུད་ཐུགས་སྣང་ཡོང་བ་ཞུ་རྒྱུ་མ་ཟད། ང་ཚོ་ཐུན་མོང་ནས་འབད་བརྩོན་གྱིས་དུས་རབས་ལ་འགྱུར་བ་གཏོང་ནུས་ཀྱི་དྲ་རྒྱའི་ལག་རྩལ་འདིར་བཀོལ་སྤྱོད་མཐར་ཕྱིན་པ་བྱས་ཏེ། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་དེ་དཔོན་རིགས་ཚོའི་བར་གྱི་ལྐོག་གྲོས་ནས་རྒྱ་བོད་མི་དམངས་ཚོས་ལྷག་བསམ་ཟོལ་མེད་དང་དམངས་གཙོའི་གྲོས་མོལ་ནང་རྒྱ་སྐྱེད་བྱ་ཐུབ་རྒྱར་སྙིང་ནས་རེ་སྨོན་བྱ་བཞིན་ཡོད། ཐུགས་རྗེ་ཆེ།
གོང་ས་མཆོག་ནས། སླད་མར་ཡང་འདི་ལྟ་བུའི་གཏམ་གླེང་རྒྱུན་པར་བྱ་ཐུབ་ན་བསམ་ཡོད།