རྒྱ་གཞུང་གིས་པན་ཆེན་རྒྱལ་མཚན་ནོར་བུ་གང་སར་མངགས་པ།
དེ་བཞིན་ཚེས་༦ ཉིན་རྭ་སྒྲེང་དགོན་དུ་སོང་ནས་ཆོས་ཕྱོགས་བྱེད་སྒོ་ཡིན་རབས་ཀྱིས་མི་མང་འགའ་ཤས་ལ་དབང་གནང་ཡོད་པ་མ་ཟད། དེའི་མཉམ་དུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང། རྡོ་རྗེ་ཚེ་རིང་སོགས་མཉམ་དུ་ཡོང་ཡོད་པ་རེད། ཡང་ཚེས་༧ ཉིན་ལྷོ་ཁ་ཡར་ཀླུང་ཕྱོགས་སུ་སོང་ནས་དེར་ཡོད་པའི་ཕོ་བྲང་ཡུམ་བུ་བླ་སྒང་དང། ཁྲ་འབྲུག་དགོན་པ་སོགས་ལ་ལྟ་སྐོར་དུ་ཡོང་བ་དང། མི་མང་འགའ་ཞིག་ལ་དབང་གནང་བ་དེར་དད་ལྡན་མི་མང་རྣམས་ཀྱི་ལྷད་མེད་ཀྱི་དད་གུས་དང་ཡི་རང་ཐོབ་ཡོད་ཚུལ་གྱིས་བརྒྱུད་ལམ་ཁག་ཏུ་སྦིར་གྲགས་ཆེན་པོ་བྱེད་བཞིན་པ་རེད།
རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་ལ་བོད་ཀྱི་བླ་ཆེན་ཞིག་གི་གོ་ས་སྤྲད་ནས། འཆར་གཞི་ཡོད་པའི་སྒོ་ནས་བེད་སྤྱོད་གཏོང་བཞིན་པ་དང། བོད་མི་རྣམས་ཀྱི་སེམས་པ་བསླུ་ཐབས་ཀྱི་ངན་བྱུས་རབ་དང་རིམ་པར་འདིང་བཞིན་པ་འདིར། བོད་མི་རྣམས་ཀྱིས་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་གི་བྱེད་སྟངས་འདི་རིགས་ནི་བོད་མི་རྣམས་མགོ་སྐོར་གཏོང་བྱེད་དང། བོད་མི་རིགས་ལ་བརྙས་བཅོས་ཚད་ལས་བརྒལ་བ་བྱས་པ་ཞིག་ཡིན་པས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་ཞིག་ཆགས་ཡོད།།