སྨོན་ལམ་བོད་ཡིག་གླེང་བ།
མདོར་ན། སྨོན་ལམ་བོད་ཡིག་ནི་གྲྭ་རྐྱང་རིག་རྒོད་ཅིག་གི་ཚོད་ལྟའི་ཐོན་འབྲས་དང་། ལོ་ཟླ་རིམ་པར་བརྒྱུད་པའི་དཀའ་སྡུག་དང་ལྷག་བསམ་གྱི་བུ་ཆུང་ཞིག་སྟེ། ད་ལྟ་ནར་སོན་པར་རེ་བས་ཁེངས་ཤིང་། བོད་སྐད་ཡིག་ལ་དུས་རབས་ཀྱི་ཞིང་བཀོད་ཅིག་བཞེངས་སྐྲུན་བྱེད་པར་མ་འོངས་པའི་གོ་རིམ་མང་པོ་ཞིག་སོན་དུ་སྡུད་པའི་ལས་ལ་བྲེལ་བཞིན་འདུག ཐེངས་འདིར་གླེང་འདོད་པ་ནི་སྨོན་ལམ་བོད་ཡིག་གསུམ་པ་སྟེ། རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་ཨང་རྟགས་ཀྱི་སྨོན་ལམ་བོད་ཡིག་ཡིན། སྤྱིར་ན་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ནི་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ISO 10646 རྩ་འཛུགས་དང་། སྐད་རིགས་མང་པོའི་མཉེན་ཆས་བཟོ་བསྐྲུན་ལས་ཁུངས་ཀྱིས་གྲུབ་པའི་Unicode གཉིས་མཉམ་སྦྲེལ་གྱིས་བཟོས་ཤིང་། ལས་རིམ་འདིར་Apple, HP, IBM, JustSystem, Microsoft, Oracle, SAP, Sun, Sybase, Unisys་སོགས་འཛམ་གླིང་སྟེང་སྙན་གྲགས་ཅན་གྱི་གློག་རྡུལ་བཟོ་ལས་མང་པོ་ཞིག་གིས་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་ཞིག་རེད། ལས་རིམ་འདིའི་ཁོངས་སུ་ད་ལྟའི་བར་ཡིག་རིགས་གྲངས་༡༦༠ ལྷག་ཡོད་ཅིང་། བོད་ཡིག་ལ་ཨང་རྟགས་0F00 ནས 0FCF བར། ཁྱོན་༡༩༣་ཙམ་གྱི་ཨང་རྟགས་སྤྲད་ཡོད། ཨང་རྟགས་ཀྱི་རྩ་དོན་ལྟར་བཟོས་པའི་བོད་ཡིག་ནི་ཧི་མ་ལ་ཡ་དང་། རྫོང་ཁ། ཇོ་མོ་ལྷ་རི། ཀྲི་སི་ཨར་སི། སམ་བྷོ་ཊ། རྨ་ཆེན་བོད་ཡིག ཨ་མདོའི་གསུམ་གྲངས་ཅན་སོགས་མང་པོ་ཞིག་ཡོད་མོད། དེ་དག་ཐམས་ཅད་ལ་ཐུན་མོང་གི་བཀག་རྒྱ་ཞིག་ཡོད་པ་ནི། དཔར་རིས་སྒྲིག་སྦྱོར་དང་། དཔར་སྐྲུན་ལས་རིགས། Apple རྟགས་ཅན་གྱི་ཆེད་བཟོས་མ་ལག་Macསོགས་སུ་སྤྱོད་མི་ནུས། སྨོན་ལམ་བོད་ཡིག་གི་ཐུན་མིན་ཁྱད་ཆོས་ཀྱང་དར་ཆེ་བ་དང་། སྟབས་བདེ་བའི་དཔར་རིས་ཇུས་འགོད་དང་། དཔར་སྐྲུན་ལས་རིགས། macབཅས་ཀྱི་ནང་ཅི་བདེར་སྤྱོད་ཆོག་པ་དེ་ཡིན། ཡིག་གཟུགས་ཆེ་ཆུང་ཐད་ནས་ཀྱང་དབྱིན་ཡིག་རྒྱ་ཡིག་གང་ཡང་ཆེ་ཆུང་མཉམ་པ་རེད། དཔེར་མཚོན་ན། Adobe Photoshop Adobe InDesign སོགས་ཡིན། བོད་ནང་དུ་ཆེད་བཟོས་དཔར་སྐྲུན་ལས་རིམ་པེ་ཏཱ་ཧྥེང་ཀྲིན་ཟེར་བ་ཞིག་ཡོད་ཀྱང་། དེ་ལ་ཆེད་བཟོས་ཡིག་རིགས་སྣ་གཅིག་ལས་གཞན་དག་བཀོལ་མི་ཐུབ་པ་དང་། པཎྜི་ཏ་དང་ཐུང་ཡོན་སོགས་ལ་གསར་བྱུང་མཉེན་ཆས་དག་གིས་ངོས་ལེན་མ་བྱས་སྟབས། དུས་ནམ་ཡང་མ་ལག་རྙིང་པ་ཞིག་ལ་དུས་ཚོད་དང་དཀའ་ངལ་འཐོལ་བ་ཞིག་མི་གཏོང་ཐབས་མེད་ཡིན། དེ་བཞིན་བཙན་བྱོལ་དུ་ཡང་(Dos) WordPerfectདང་། page maker ་ལ་རྒྱུན་ཆགས་སུ་འཐམ་ན་དུས་ཚོད་གྲོན་རྒྱུ་ཕར་ཟད། དུས་བསྟུན་གྱིས་ཇུས་འགོད་དཔེ་ལེགས་ཤིག་ཀྱང་དཀའ་ཚོད་དུ་ཡོད། འོན་ཀྱང་། སྨོན་ལམ་བོད་ཡིག་གསུམ་པས་དཀའ་ངལ་དེ་དག་མཐར་བདས་པ་མ་ཟད། ད་ལྟ་དར་ཆེ་བའི་གཅིག་གྱུར་ཨང་རྟགས་ཀྱི་སྦྱར་བྱང་ཡོངས་རྫོགས་སྨོན་ལམ་བོད་ཡིག་བརྒྱུད་ཐད་ཀར་དཔར་སྐྲུན་ཇུས་འགོད་ཀྱི་ལས་རིམ་དུ་བཀོལ་ཆོག་པ་དང་། དབུ་ཅན་དབུ་མེད་ཡིག་གཟུགས་བཅུ་གསུམ་ཙམ་ཞིག་གང་འདོད་དུ་བསྒྱུར་ཆོག ད་ལྟའི་དུས་བསྟུན་གྱི་ལྟ་ཚུལ་ལྟར་ན། སྟབས་བདེ་བ་དང་། སྤྱོད་ཆེ་བ། རྣམས་གྲངས་འཛོམས་པ་བཅས་ནི་དར་སྲོལ་ལྟར་གྱི་ལེགས་ཤོས་སུ་རྗོད་བཞིན་པས། རང་རེས་ཀྱང་དཔར་སྐྲུན་ལས་རིགས་ཡོངས་སུ་རྫོགས་པར་དུས་བསྟུན་གྱི་མཉེན་ཆས་བཀོལ་རྒྱུ་ལས། སྣ་གཅིག་ཁོ་ན་ལས་སྤྱོད་དཀའ་བའི་page maker དང་ WordPerfect སོགས་མ་ལག་གསར་པས་རྒྱང་དུ་བསྐྱུར་ཟིན་པའི་མཉེན་ཆས་དག་གཏན་དུ་སྤངས་པར་རིགས། དེ་མིན་གོང་དུ་སྨྲོས་པའི་ཡིག་གཟུགས་དེ་དག་ནི། ཚད་གཞི་ལྟར་གྱི་རྒྱབ་གཉེར་སྟེ་unicode supportཡོད་སྟབས། ཐོན་རིམ་གསར་པའི་དྲ་རྒྱ་དང་། གླེང་མོལ་མཉེན་ཆས་དག་ལ་བཀོལ་ཐུབ་ཀྱི་ཡོད་མོད། ཡིག་གཟུགས་ཆེ་ཆུང་དང་སྦོམ་ཕྲ་ཚད་ལྡན་མ་བྱུང་སྟབས། དྲ་ངོས་བཟོ་བཀོད་དང་། བརྡ་འཕྲིན་གྱི་མཛེས་ཉམས་ཐད་གནོད་སྐྱོན་ཐེབས་བཞིན་ཡོད། གལ་སྲིད་སྨོན་ལམ་བོད་ཡིག་རྒྱ་ཁྱབ་ངང་བེད་སྤྱོད་བྱས་ན། ཆེ་ཆུང་དང་སྦོམ་ཕྲ་སོགས་དྲ་ངོས་བཟོ་དབྱིབས་ལ་རང་འདོད་ལྟར་དབང་བསྒྱུར་ཆོག་པ་ཡིན། མདོར་ན་རྣམས་གྲངས་དང་། མཛེས་ཉམས། སྤྱོད་སྒོ་གང་གི་ཐད་ནས་ཀྱང་ད་ལྟའི་ཆར་སྨོན་ལམ་བོད་ཡིག་ལས་ལེགས་པ་ཞིག་བོད་ཀྱི་གློག་རྡུལ་ཡིག་གཟུགས་ཁྲོད་མེད་སྟབས་རྒྱ་ཆེའི་བཀོལ་སྤྱོད་པ་ཚོས་ལག་ལེན་ཁྲོད་ངོ་མའི་ཐོག་དང་ལེན་གནང་ན་ལེགས་པར་སྙམ་མོ། །
