མ་སུ་རི་བོད་ཁྱིམ་གྱི་སློབ་མ་བཅུ་ཕྱིར་འཕུད།

མཐར་སློབ་ཕྲུག་བུ་༩ བུ་མོ་དེ་དང་ལས་འབྲེལ་བྱུང་བ་དོ་བདག་སོ་སོས་ཁས་ལེན་བྱས་འདུག བུ་མོ་དེ་ཁྱིམ་ཚང་༡༣ པ་ཡིན་འདུག་པ་དང། བུ་༥ ཁྱིམ་ཚང་དེ་རང་ནས་ཡིན་པ་མ་ཟད། གཅིག་སྔོན་མ་ཁྱིམ་ཚང་དེ་ནས་ཡིན་ཡང་རྗེས་མ་ཁྱིམ་ཚང་གཞན་དུ་སྤོས་ཟིན་པ་ཞིག་ཡིན་འདུག་པས་དུས་རྒྱུན་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ཀྱིས་སློབ་གསོས་མ་འདང་བ་ཞིག་ཡིན་པར་བརྟེན། ཁྱིམ་ཚང་༡༣ པའི་ཕ་ཚབ་མ་ཚབ་གཉིས་ཀྱང་གནས་དབྱུང་བཏང་འདུག བུ་གཞན་༣ ཁྱིམ་ཚང་གཞན་ནས་ཡིན་འདུག་པས་ཁོང་ཚོའི་འབྲེལ་ཡོད་ཕ་ཚབ་མ་ཚབ་ལ་ཟླ་རེའི་ཕོགས་འབབ་བཅགས་པ་དང། ཉེན་བརྡའི་ཡིག་ཆུང་རེ་བཏང་ཡོད་འདུག རང་ལོ་༡༨ ཡིན་པའི་བུ་མོ་དེ་དང་སློབ་ཕྲུག་བུ་༩ བཅས་སློབ་གྲྭ་ནས་ཕྱིར་འཕུད་བཏང་ཡོད་པ་དང། སློབ་ཕྲུག་གྲངས་༦ བལ་ཡུལ་དུ་བསྐྱལ་བ་དེར་གསར་ལམ་ཁག་ཅིག་ཏུ་རྒྱ་མི་ལ་རྩིས་སྤྲོད་བྱས་ཚུལ་བརྗོད་བཞིན་འདུག་པས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་ཁ་པར་བརྒྱུད་དེའི་སྐོར་ལ་འགྲེལ་བརྗོད་ག་རེ་གནང་རྒྱུ་ཡོད་མེད་དྲིས་པར་ཁོང་གིས། ཕྲུ་གུ་རྣམས་རྣམས་སློབ་གྲྭ་ནས་ཕྱིར་འཕུད་བྱས་རྗེས་བདག་མེད་དུ་གཡུགས་བཞག་ན་མི་འགྲིག་པས། རྒྱ་གར་དུ་ཕ་མ་སྤུན་མཆེད་ཡོད་མཁན་རྣམས་དོ་བདག་སོ་སོར་རྩིས་སྤྲོད་དང། སྤུན་མཆེད་དང་བདག་པོ་མེད་མཁན་རྣམས་སློབ་གྲྭ་ནས་འགྲོ་སོང་ཆེད་གཏོང་དང་རོགས་པ་དང་བཅས་བལ་ཡུལ་སྣེ་ལེན་ཁང་དུ་སློབ་ཕྲུག་གྲངས་༦ བསྐྱལ་བ་དང། དེའི་ནང་ནས་གཉིས་སྤུན་མཆེད་ཀྱིས་བདག་པོ་བརྒྱབ་ནས་ཁྲིད་ཚར་འདུག ད་ལྟའི་ཆར་ཕྲུ་གུ་༤ བལ་ཡུལ་སྣེ་ལེན་ཁང་དུ་ཡོད་པ་རེད། བལ་ཡུལ་དུ་སྤུན་མཆེད་དང་བདག་པོ་རྒྱག་མཁན་མེད་ན་བལ་ཡུལ་སྣེ་ལེན་ཁང་ནས་བོད་ནང་གི་ཕ་མ་སྤུན་མཆེད་ལ་རྩིས་འཕྲོད་ཐབས་བྱེད་དགོས་པ་གལ་ཆེན་པོར་མཐོང་སོང། ཕྲུ་གུ་རྣམས་སློབ་གྲྭའི་སྒྲིག་ལམ་དང་འགལ་བར་བརྟེན། སློབ་གྲྭ་རུ་མུ་མཐུད་འཇོག་ཐབས་མེད་ཀྱང། བདག་པོ་ཁྱོན་ནས་མ་བརྒྱབ་པར་བཏང་བཞག་ན་མ་འགྲིག་པར་མཐོང་ནས་རྒྱ་གར་དུ་བདག་པོ་རྩིས་ལེན་བྱེད་མཁན་མེད་པ་རྣམས་ཕན་སེམས་ཀྱིས་བལ་ཡུལ་དུ་བསྐྱལ་བ་ལས། རྒྱ་མི་ལ་རྩིས་སྤྲོད་བྱས་ཚུལ་བརྗོད་པ་དེ་དངོས་ཡོད་གནས་ཚུལ་དང་མི་འཚམས་པའི་དཀྲོག་གཏམ་རེད། ཅེས་དང། ཕྱིར་འཕུད་བྱེད་དགོས་པ་དེ་སློབ་ཕྲུག་དེ་དག་གི་བྱེད་སྟངས་སློབ་གྲྭའི་སྒྲིག་སྲོལ་དང་མི་མཐུན་པ་ཙམ་དུ་མ་ཟད། སློབ་ཕྲུག་རྣམས་ཀྱིས་སྤྱོད་ལམ་དེ་ལྟ་བུ་ཞིག་ཁུར་ཡོང་བའི་སྐབས་མ་འོངས་པར་འཛིན་སྐྱོང་བྱེད་ཕྱོགས་ལ་དཀའ་ངལ་འཕྲད་ངེས་པ་དང། མི་རེ་ཟུང་ཞིག་གི་གནས་སྟངས་ལ་བསམ་བློ་བཏང་ནས་སློབ་གྲྭ་སྤྱི་ཡོངས་ཀྱི་ཁོར་ཡུག་གལ་ཆེན་པོ་དེ་འཕྲོ་བརླག་ཏུ་གཏོང་མི་ཕོད་པ་དང། ཁྲིམས་སྒྲིག་ཁག་རྩིས་མེད་གཏོང་རྒྱུའི་འགན་དེ་བཟོད་དཀའ་བས་སློབ་གྲྭའི་འབྲེལ་ཡོད་རྣམས་ལྷན་འཛོམས་ཀྱི་ཐོག་ནས་ཕྱིར་འཕུད་བྱེད་རྒྱུ་ཐག་གཅོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང།

མ་སུ་རི་བོད་ཁྱིམ་སློབ་གྲྭའི་དྲུང་ཆེ་ནི་ཕྱི་ཟླ་༣ པའི་ནང་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ནས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་རུ་གནས་སྤོས་བཏང་བ་ཞིག་ཡིན་པ་དང། ལོ་ཁ་ཤས་ནས་བཟུང་མ་སུ་རི་བོད་ཁྱིམ་གྱི་འཛིན་སྐྱོང་དང་ཤེས་ཡོན་གྱི་གནས་སྟངས་ཉམ་གུད་ཀྱི་གནས་སུ་ལྷུང་ཡོད་ཚུལ་ཡང་སྤྱི་ཚོགས་ནང་ཁྱབ་བཞིན་ཡོད་པ་དང། ད་ལྟའི་དྲུང་ཆེ་དེ་སླེབས་པའི་རྗེས་སུ་སྒྲིག་འཛུགས་ཀྱི་གནས་སྟངས་གང་མང་ཞིག་ལ་བསྒྱུར་བཅོས་བྱས་དང་བྱེད་འཆར་ཡོད་འདུག་ལ། སྒྲིག་ཁྲིམས་ཀྱང་དམ་དུ་བཏང་ཡོད་ཚུལ་ས་གནས་ནས་འབྲེལ་ཡོད་ཅིག་གིས་ཁ་པར་བརྒྱུད་འགྲེལ་བརྗོད་གནང་སོང།།