རིན་ཆེན་བསམ་འགྲུབ་ལ་ཁྲིམས་གཏུགས་བྱེད་གཏན་ཁེལ་བ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རིན་ཆེན་བསམ་འགྲུབ་ལ་རྒྱལ་ཁབ་བྲལ་གཏོང་བའི་ནག་ཉེས་བཙུགས་ཡོད་སྟབས། ནག་ཉེས་དེའི་ཐོག་ཏུ་ཁྲིམས་གཏུགས་བྱེད་དགོས་པས། ནག་ཉེས་དེ་འདྲའི་གྲས་ནི་ནམ་རྒྱུན་རྒྱ་གཞུང་གིས་སྲོག་ཐོག་གི་ཉེས་ཆད་སོགས་གཏོང་གི་ཡོད་པར་བརྟེན། དེ་རིང་རིན་ཆེན་བསམ་འགྲུབ་ལ་ཁྲིམས་ཐག་ག་འདྲ་གཅོད་མིན་ཐད་བློ་འཚབ་སྐྱེ་དགོས་པ་ཞིག་ཆགས་ཡོད་པ་རེད།
རིན་ཆེན་བསམ་འགྲུབ་ནི་རང་ལོ་༤༤ ཡིན་པ་དང། དུས་རྒྱུན་ནས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་དང། སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་མཁན་སྙན་གྲགས་ཅན་གྱི་བུ་སྤུན་གསུམ་ཡོད་པའི་ནང་གི་སྤུན་ཆེ་བ་དེ་ཡིན་པ་དང། ཁོང་གི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་དང་ཁོང་གཉིས་ན་ནིང་ཕྱི་ཟླ་༨ པའི་ནང་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད། སྤུན་འབྲིང་བ་ཀརྨ་བསམ་འགྲུབ་ལ་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་དང། སྤུན་ཆུང་བ་རང་ལོ་༣༨ ཡིན་པའི་འཆི་མེད་རྣམ་རྒྱལ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པ་ཞེས་པའི་ནག་ཉེས་བཙུགས་ནས་ཟླ་བ་༢༡ རིང་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་ཏུ་མནར་གཅོད་གཏོང་བཞིན་ཡོད་པ་རེད།
རིན་ཆེན་བསམ་འགྲུབ་དང་འཆི་མེད་རྣམ་རྒྱལ་སྤུན་མཆེད་གཉིས་ན་ནིང་ཕྱི་ཟླ་༨ པའི་ནང་དུ་འཛིན་བཟུང་བྱས་རྗེས། ཁོང་གཉིས་ཀྱིས་བཙུགས་པའི་ཨ་ཁྱུང་སེང་གེ་རྣམ་རྫོང་སྐྱེ་ཁམས་ཁོར་ཡུག་ཚོགས་པ་ཞེས་པ་དེ་ཁྲིམས་འགལ་ངང་ནས་བཙུགས་པ་ཡིན་པར་ཉེས་འཛུགས་བྱས་ཡོད་པ་རེད་འདུག །