རོ་ལངས་མ།

རྡོ་དང་དབྱུག་པས་ཀླན་ཀའི་ལམ་སྲོལ་དེ་འཆི་ཡང་།།

མནར་གཅོད་ཐག་པ་སྒྲིམ་མའི་ཁྲིམས་ལུགས་ཀྱི་གཤེར་མས།།

དྲང་བདེན་སེམས་ཀྱི་ཁྱེའུ་ཤི་རྨས་ལ་ཐུག་ཀྱང་།།

མུན་པའི་ཁོར་ཡུག་འདི་ནས་འགྲོ་ལམ་ཞིག་མ་ཚོར།།

འོད་ཀྱི་ཕ་སར་འཚོལ་བའི་ཁ་བྱང་ལ་འཁྱུད་དེ།།

ཞི་བདེའི་སེམས་ཀྱིས་བཞེངས་བའི་རྒྱལ་ཁ་ཞིག་མངོན་ཡང་།།

ཁ་དམག་མཚོན་གྱི་རྣོ་ངར་རང་རིགས་གཏད་པས།།

མེས་པོའི་བཀའ་ཆེམས་མདའ་མོ་དེ་ཚོ་ལ་ཕོག་འདུག།

འཕགས་ཡུལ་རིག་པའི་གྲོང་དེར་བག་ཕེབས་ཤིག་ཡོད་སྐད།།

དངོས་ཤུགས་ཚོར་བ་ལྕི་མོས་སྐྱུར་ཁ་དེ་གཟན་པས།།

སེམས་ཀྱི་དབྱངས་རྟ་ཉན་པའི་ངལ་གསོ་ལ་མོས་ཀྱང་།།

ད་ནི་དམར་པོའི་ཚལ་ཁ་རུས་རྐང་ལ་འཐིམ་འདུག།

ཞེ་འཁྲེང་སེམས་ཀྱི་རོལ་དབྱངས་མཐོ་སྒང་ནས་མཆེད་ཀྱང་།།

སྒོ་ལྔའི་དབང་བཀག་སྟེ་ཉན་མཁན་ཞིག་མ་བྱུང་།།

རྒྱ་གྲོང་རྣམ་ཤེས་འཁྱམས་པོས་མིག་བལྟས་ལ་གཟན་དུས།།

དྲང་བདེན་ཞལ་ལྕེ་ཟེར་བའི་ཚུགས་ཐུབ་ཅིག་མ་ཚོར།།