རྒྱ་ནག་ནང་གྷུའུ་གྷལ་དྲ་གནས་སླར་གསོ་བྱེད་འཆར།
དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཨཱི་པོ་ཁི་དུས་བབས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་བཟོ་གྲྭ་དང་འཕྲུལ་ལས་སྡེ་ཚན་གྱི་བློན་ཆེན་བརྒྱུད་ནས། རྒྱ་ནག་ཏུ་གྷུའུ་གྷལ་དྲ་གནས་སླར་གསོ་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང། དེ་ཡང་གཙོ་བོ་ཉེ་བའི་ཆར་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་དཔོན་རིགས་ཚོ་ཕན་ཚུན་འགྲུལ་བཞུད་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གང་མགྱོགས་ཨ་རིར་འགྲོ་གཏན་འཁེལ་ཡོད་པ་བཅས་ཀྱིས། རྒྱ་ནག་གི་ཆབ་སྲིད་ལས་དོན་ཁང་དང་འཕྲུལ་ལས་སྡེ་ཚན་གཉིས་ནང་གྲོས་ཐོག་ནས། གྷུའུ་གྷལ་དྲ་གནས་སླར་གསོ་བྱེད་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་རེད།
དྲ་གནས་དེའི་ཆེད་ལས་པ་ཨ་རི་བ་ཇཱམ་སི་ལི་ཝི་སི་ཡིས་“རྒྱ་ནག་ཏུ་དྲ་གནས་དེ་བསྐྱར་གསོ་བྱས་པར་ངོ་མཚར་སྐྱེས་དགོས་པ་ཞིག་མ་རེད། གང་ཡིན་ཞེ་ན་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་དོན་གང་ཡིན་རུང་ངེས་པར་དུ་འཛེམས་ཟོན་བྱེད་ཀྱི་རེད། ད་ལྟའི་ཆར་རྒྱ་ནག་གི་དྲ་གནས་དེ་ཧོང་ཀོང་ནང་ཡོད་པའི་གྷུའུ་གྷལ་དྲ་གནས་ནས་ཚུར་འབྲེལ་མཐུད་བྱེད་དགོས་ཀྱི་ཡོད་པ་དང། རྒྱ་ནག་གི་འདིའི་ཐད་ལ་དུས་ཡུན་རིང་པོར་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་ཞིབ་དཔྱོད་ཡག་པོ་བྱས་ན། མི་ཚང་མར་ལམ་ཕྱོགས་ཡག་པོ་ཞིག་སྟོན་གྱི་ཡོད་པ་དང། དེ་བཞིན་གྷུའུ་གྷལ་དྲ་གནས་ལས་ཁང་ལ་ཁེ་ཕན་ཡོད་པ་ལྟར། རྒྱ་ནག་རང་ལའང་དེ་བཞིན་ཁེ་ཕན་ཆེན་པོ་ཡོད་པ་རེད་”ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་པ་རེད།
སྤྱིར་འཛམ་གླིང་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་ཤོས་རྒྱ་ནག་ཆགས་ཀྱི་ཡོད་པ་དང། ལོ་སྔོན་མར་གྷུའུ་གྷལ་དྲ་གནས་རྒྱ་ནག་གཞུང་གིས་བཀག་བསྡོམས་བྱེད་སྐབས། ཨ་རི་ལ་དངུལ་འབོར་ཐེར་འབུམ་མང་པོའི་གྱོང་གུད་ཕོག་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་དྲ་གནས་འདི་ལ་དམ་དྲག་བྱེད་དོན་གཙོ་བོ་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་འཛུགས་བྱེད་པའི་སྐོར་དང། ཕྱི་རྒྱལ་ཁག་ཏུ་རྒྱ་ནག་གི་དཔོན་རིགས་ཚོ་ཐུག་འཕྲད་ལ་འགྲོ་སྐབས། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲང་ཉུང་མི་རིགས་ཁག་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་པར་རིས་དང། གློག་བརྙན་སོགས་ཇི་བཞིན་དྲ་གནས་འདིའི་ཐོག་ལྟ་ཐུབ་ཀྱི་ཡོད་པས། རྒྱ་ནག་དམངས་ཁྲོད་ནས་ཉིན་རེ་བཞིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་དང། མང་གཙོའི་ལྟ་བར་དགའ་ཞེན་བྱེད་མཁན་མང་དུ་འགྲོ་བའི་རྐྱེན་གྱིས། རྒྱ་གཞུང་གིས་བཟོ་ལས་སྡེ་ཚན་གྱི་གྱོང་གུད་དང་། རྒྱལ་ཁབ་མང་པོའི་སྐྱོན་བརྗོད་ལ་ཤུགས་ཆེན་བྱེད་མིན་ལ་མ་ལྟོས་པར། དྲ་གནས་དེ་རྒྱ་ནག་སྐམ་ས་ཆེན་པོའི་ནང་སྐབས་ཤིག་བཀའ་བསྡོམས་བྱས་ཡོད་པ་རེད།།
{jcomments on}
