ང་ལ་གལ་ཆེ་བའི་སྤྱི་འཐུས་ཀྱི་འོས་གཞི་གསར་པ་གསུམ་ཡོད།

དང་པོ་ད་ལྟའི་ཆར་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་བཞིན་པ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་ལགས་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་རུ་མཚམས་སྦྱོར་ཞུ་བཞིན་ཡོད། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་ཁྲི་ཐེངས་གཉིས་ནས་བསྟུད་མར་གནང་མི་ཆོག་ཀྱང། སྤྱི་འཐུས་ཚོགས་གཙོ་གནང་ན་འགྲིག་གི་རེད། ཁྲིམས་སྒྲིག་གི་དགོངས་དོན་ལྟར་ན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱི་ནང་ནས་གནས་རིམ་མཐོ་བ་དེ་སྤྱི་འཐུས་ཚོགས་གཙོ་ཆགས་ཡོད། ད་ལྟའི་དུས་འདིར་ཚོགས་གཙོ་ཚོགས་གཞོན་བློ་གཟུ་བོར་མི་གནས་པའི་དཀའ་ངལ་ཆེན་པོ་ཡོད་པ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་རྩོད་རྙོག་གི་གནས་སྟངས་ཀྱི་ཐོག་ནས་ཤེས་ཐུབ་ལ། ཟམ་གདོང་རིན་པོ་ཆེས་ཚོགས་གཙོ་གནང་ན་དེ་ལྟ་བུའི་དཀའ་ངལ་འཕྲད་མི་སྲིད་པ་ཁ་ཚོན་བཅད་ནས་བཤད་ཐུབ། སྤྱིར་ད་ལྟའི་ཆར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དགུང་གྲངས་༧༡ ལས་མིན་པས་༧གོང་ས་མཆོག་ལས་ལོ་བཞིས་ཆུང་བ་ཡོད། ཛ་དྲག་གི་དུས་འདིར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་རྒྱུའི་སེམས་ཤུགས་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་མདོ་སྟོད་མི་མང་གིས་ཟམ་གདོང་རིན་པོ་ཆེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་འོས་འཕེན་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།

གཉིས་པ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་བཀའ་བློན་གྱི་ལས་འཁུར་ཐེངས་གཉིས་གནང་ཟིན་པས་མུ་མཐུད་བཀའ་བློན་གནང་རྒྱུའི་གོ་སྐབས་མེད་པར་བརྟེན། དགུང་ནའི་བབས་ཀྱིས་གཞུང་གི་གནད་ཡོད་ཀྱི་ལས་སྣེ་ཞིག་ཏུ་བསྐོ་གཞག་མ་ཞུས་ན་དངོས་གནས་འཕྲོ་བརླགས་རེད། ཁོང་ཉིད་མདོ་སྨད་མི་མང་གི་ངོས་ནས་སྤྱི་འཐུས་སུ་འོས་འཕེན་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།

གསུམ་པ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་སྐབས་རྗེས་མ་བཀའ་བློན་དུ་བསྐོ་གཞག་གནང་མིན་སུས་ཀྱང་བཤད་ཚོད་ཐིག་དཀའ་བས། དེ་བས་ཁོང་ཉིད་སྐབས་བཅོ་ལྔ་པའི་སྔ་འགྱུར་རྙིང་མ་པའི་འོས་གཞི་རུ་མཚམས་སྦྱོར་ཞུ་བཞིན་ཡོད་པས་ཁོང་ཉིད་འོས་འདེམས་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་དང། ཐུབ་བསྟན་ལུང་རིགས་དང་། ཚེ་རིང་ཕུན་ཚོགས་གཉིས་ཀྱི་གང་རུང་ཞིག་གིས་ཚོགས་གཞོན་གནང་ཐུབ་ན། སྤྱི་འཐུས་ནང་གི་རྩོད་རྙོག་དེ་དག་ད་ལྟ་ནང་བཞིན་ཤུགས་ཆེན་པོ་ཡོང་མི་ཐུབ་པ་དང། ལས་དོན་གང་ཐད་ནས་སྔར་ལས་ལེགས་སུ་འགྲོ་ངེས་པ་ཡིན་པས་འབྲེལ་ཡོད་མི་མང་གི་ངོས་ནས་དེ་ལུགས་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།