སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིག་གི་ཁོངས་སུ་ཡོད་པའི་སྨར་ཁམས་ཆོས་འཕེལ་གྱི་ལོ་རྒྱུས།
ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭ་ཐོན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཁྱབས་དབུས་རྒྱུན་ལས་ཁང་གི་ལས་བྱེད་བྱས་ཏེ། བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་ནས་ཐར་རེའི་ཆེད་དུ་ཕྱི་ནང་གང་གི་ལས་དོན་ཐད་གོང་རིམ་རྣམ་པའི་བཀའ་བཀོད་དང་ལེན་གྱིས་ལོ་མང་རིང་སེམས་འཁུར་དང༌། ལྷག་བསམ་ཐོག་བོད་ཆོལ་ཁ་གསུམ་གྱི་རྩ་དོན་དང༌། དམིགས་ཡུལ་སྒྲུབ་ཆེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་རྩ་འཛིན་ བསམ་ཤེས་འཁུར་ལེན་བྱས། ཕྱི་ནང་གང་གི་འགལ་རྐྱེན་བར་ཆད་འདྲ་མིན་ཇི་ལྟར་བྱུང་བ་རྣམས་ལ་ཅི་ཕན་སྙིང་ལ་བཅངས་ཏེ་དཀའ་ངལ་འཛེམས་མེད་བྱས།
ཕྱི་ལོ་ ༡༩༩༧ ལོར་བཙན་བྱོལ་བོད་གཞུང་དང༌། ཐེ་ཝན་སྲིད་གཞུང་དབར་འབྲེལ་བ་གནང་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཟློས་གར་ཚོགས་པ་ཐེ་ཝན་དུ་བཏང་བའི་ལས་དོན་ཆེད་དུ་ཐེ་ཝན་དུ་བསྐྱོད་བསྡད་བྱས། ཕྱི་ལོ་ ༡༩༩༨ ལོར་ཐེ་ཝན་དུ་འབྱོར་བའི་མདོ་ཁམས་མི་སྣ་རྣམས་བློ་མཐུན་གྲོས་མཐུན་གྱིས་ས་གནས་ཆུ་སྒང་རྒྱུན་ལས་གསར་འཛུགས་བྱས་ཏེ།
ཕྱི་ལོ་ ༢༠༠༥ ལོ་བར་ས་གནས་རྒྱུན་ལས་འགན་འཁུར་བྱས། ཕྱི་ལོ་ ༢༠༠༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་བཀྲིན་ཆེ་སྐབས་ ནས་བཟུང་ཐེ་ཝན་བོད་རིགས་ཚོགས་པ་གསར་འཛུགས་བྱས་པའི་ཚོགས་གཞོན་དང༌། དྲུང་ཆེ་གཅིག་ལྕོགས་འཁུར་ལེན་བྱེད་མུས་སུ་མཆིས།
ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༤ ནས་མདོ་སྟོད་རྒྱལ་ཡོངས་མི་མང་གིས་འོས་བསྡུའི་ལམ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ལྟར་དཔལ་ འབྱོར་འགན་འཛིན་དང༌། དངུལ་གཉེར་གྱི་འགན་འཁུར་བྱས། ༢༠༠༨ ལོར་སླར་ཡང་མདོ་སྟོད་རྒྱ་ཆེའི་མི་མང་གིས་ཚད་མཐོའི་གདེངས་འཇོག་གནང་སྟེ་དབུས་ སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཚོགས་མིར་འོས་འདེམས་གནང་བ་ལྟར། ད་ཆ་ཚོགས་གཙོ་གཞོན་པའི་ཐུགས་འགན་འཁུར་མུས་སུ་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སུ།
