༧གོང་ས་མཆོག་ཡང་ཡང་ཆིབས་བསྒྱུར་གནང་བའི་རེ་བ་ཡོད།
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བོད་གཞུང་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་དཔེ་མཛོད་མཐུན་ཚོགས་ཞེས་པར། ༧གོང་ས་མཆོག་གིས། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་བརྒྱུད་ནས། དུས་རབས་བཅོ་བརྒྱད་པར་་བཞེངས་པའི་ཐུབ་དབང་གི་སྐུ་ཐང་དང། གསེར་ཀོང། མཎྜ་བཅས་རྩ་ཆེན་གྱི་ཕྱག་རྟགས་ཁག་གསུམ་གནང་ཡོད་པ་དང། སྐབས་དེར་དམིགས་བསལ་སྐུ་ཚབ་མཆོག་གིས། ‘’ལོ་འདིའི་ཟླ་བ་༢ པའི་ནང་༧གོང་ས་མཆོག་མཆོག་དཔེ་མཛོད་ཁང་འདིར་ཆིབས་བསྒྱུར་གནང་སྐབས། ཕྱག་རྟགས་ཤིག་འབུལ་རྒྱུའི་དགོངས་པ་བཞེས་ཡོད་པ་དང། ལོ་གྲངས་༡༠༢ ཙམ་སོང་ཟིན་པའི་དཔེ་མཛོད་ཁང་འདིའི་ནང་ཝིལ་ལམ་རོག་ཧིལ་ཞེས་པར། ༧གོང་ས་སྐུ་ཕྲེང་༡༣ པ་ཆེན་པོས་ཐང་ག་གཅིག་གནང་མྱོང་ཡོད་པ་དེ། ད་ལྟའི་སྐབས་དཔེ་མཛོད་འདིའི་ཅ་དངོས་རིན་ཐང་ཅན་གྱི་ཁོངས་སུ་བདམས་ཡོད་པ་དང། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གནང་བའི་ཐང་ག་འདིའང་ལོ་རྒྱུས་རང་བཞིན་ཅན་དང་འབྲེལ་བ་ཡོད་པ་ཞིག་རེད་’’ཅེས་གསུངས་ཡོད་པ་རེད།
དཔེ་མཛོད་ཁང་དེའི་མཁས་དབང་བྷིལ་ལིན་ཊོན་མཆོག་གིས། ‘’དེ་རིང་༧གོང་ས་ཏཱ་བླ་མ་མཆོག་གིས་གནང་བའི་དམིགས་བསལ་ཕྱག་རྟགས་འདི་འདྲ་ལེན་རྒྱུ་བྱུང་བ་དེ་ནི་ཆེས་དགའ་བ་སྒོམ་དགོས་པ་ཞིག་རེད། ཕྱི་ལོ་༡༩༠༨ ལོར་ཝིལ་ལམ་རོག་ཧིལ་ལ་༧གོང་ས་སྐུ་ཕྲེང་༡༣ པ་ཆེན་པོས་གནང་བའི་ཐང་ག་དེ། ལོ་འདིའི་ནང་༧ཏཱ་ལའི་བླ་མ་མཆོག་འདིར་ཆིབས་བསྒྱུར་གནང་སྐབས་སྤྱན་འབུལ་ཞུས་ཡོད་ལ། ད་ལྟའི་སྐབས་དཔེ་མཛོད་ཁང་འདིའི་ནང་བྱིན་ཅན་ཐང་ག་དང། དེ་བཞིན་ཕྱག་དཔེ་པོད་༡༣༠༠༠ ཙམ་བཞུགས་ཡོད་’’ཅེས་སོགས་གསུངས་ཡོད་པ་རེད། དཔེ་མཛོད་ཁང་གི་ངོས་ནས་དམིགས་བསལ་སྐུ་ཚབ་བརྒྱུད་ནས། ༧གོང་ས་མཆོག་གིས་ཕྱག་རྟགས་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་དང་སྦྲགས་ནས། ༧གོང་ས་མཆོག་ཡང་ནས་ཡང་དུ་དཔེ་མཛོད་ཁང་འདིའི་ནང་ཆིབས་བསྒྱུར་གནང་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་ཞུས་ཡོད་པ་རེད།།
{jcomments on}
