བོད་མི་ཚང་མས་རྩ་དོན་གྱི་ཆེད་དུ་འགན་ཁུར་ན་བོད་རང་བཙན་སླར་གསོ་ཐུབ་ཀྱི་རེད།
༡༩༩༣ ལོར་བོད་གཞུང་གི་གཟིགས་སྐྱོང་འོག་ཨ་རིར་ཕྱིན་པ་དང༌། ༡༩༩༨ ནས་ཕྱི་ལོ་༢༠༠༡ བར་ཨ་རིར་མི་ནི་སོ་ཊ་ས་གནས་གཞོན་ནུའི་རྒྱུན་ལས་ལོ་བཞི་དང། ༢༠༠༤ ལོ་ནས་ལོ་གསུམ་རིང་སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེ་མཆོག་གིས་བཙུགས་པའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་རྒྱུན་ལས་དང། ༢༠༠༥ ལོ་ནས་༢༠༠༧ བར་པོ་ལཱན་ཌེ་ཝན་ཁུ་ཝར་དུ་ས་གནས་གཞོན་ནུའི་ཚོགས་གཙོ་བཅས་ཀྱི་ལས་འཁུར་ཞུས། ༢༠༠༧ ལོར་གཞོན་ལྷན་གྱི་ཚོགས་ཆེན་སྐབས་ཚོགས་གཙོར་འོས་འདེམས་བྱུང་བ་བཞིན། རྒྱ་གར་དུ་ཡོང་ནས་ལས་དོན་བྱས།
ཁོང་གིས། ད་བར་རང་ཉིད་ལ་བོད་རང་བཙན་སླར་གསོའི་ཆོད་སེམས་གང་ཡོད་པ་དེ། གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་རེ་བ་ལ་བརྟེན་ནས་ཡིན་ཞིང༌། བཙན་བྱོལ་ནང་གནས་སྟངས་དང་གནོན་ཤུགས་གང་བྱུང་མིན་ལ་མ་ལྟོས་པར། ང་ཚོ་ན་གཞོན་ཚོས་རྩ་དོན་ལ་ལྷག་བསམ་རྣམ་དག་གིས་འཐབ་རྩོད་དང་འགན་འཁུར་རྒྱུན་འཁྱོང་དགོས་པ་དེ། མི་ཚེའི་འགན་འཁུར་དང་རིན་ཐང་དུ་ངོས་འཛིན་གྱི་ཡོད་ཅེས་གསུངས་འདུག
དྲི་བ། སྐུ་ཉིད་ཀྱིས་ཚོགས་གཙོའི་ལས་དོན་བྱས་ནས། སྐབས་གཅིག་གི་ལས་རྒྱུན་རྫོགས་ལ་ཉེ་བ་རེད། དང་ཐོག་གི་དམིགས་ཡུལ་བཞིན་ལས་དོན་བྱེད་ཐུབ་ཡོད་དགོངས་ཀྱི་ཡོད་དམ།
ལན། ལོ་གསུམ་ནང་ལ་གཙོ་ཆེ་ཤོས་དེ་སོ་སོར་ཆ་བཞག་ན། བོད་མི་ས་ཡ་དྲུག་གི་རྩ་དོན་གྱི་ཆེད་དུ་ཞབས་ཕྱི་ཞུ་སར་བཅར་བ་ཡིན་པས་འགྱོད་པ་སྐྱེ་དགོས་དོན་རྩ་བ་ནས་མེད། ལས་དོན་བྱེད་ཕྱོགས་ཀྱི་ཐོག་གཞོན་ལྷན་གྱི་སྒྲིག་འཛུགས་འདི་རྩ་ཆེན་པོ་ཡིན་པ་གཞིར་བཞག་ཐོག་ནས་གང་ཐུབ་བྱས་པ་ཡིན། དམིགས་ཡུལ་གཙོ་བོ་དེ་སྒྲིག་འཛུགས་འདིའི་ངོས་ནས་ཡིན་ནའང་རེད། སོ་སོ་སྒེར་གྱི་ངོས་ནས་ཡིན་ནའང་རེད། བོད་རང་བཙན་སླར་གསོའི་ཆེད་དུ་རེད། བོད་རང་བཙན་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་རེད། ལོ་གསུམ་ནང་དུ་གྲུབ་འབྲས་སོན་པ་ཞིག་ཡིན་པ་ལ་དང་ཐོག་ནས་ངོས་འཛིན་བྱས་མེད་མོད། འཐབ་རྩོད་ནང་དུ་སོ་སོས་ཆ་ཤས་བླངས། རྣམ་དཔྱོད་ཡོད་ཚད་བཏོན་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། བོད་རང་བཙན་སླར་གསོ་མ་ཐུབ་བར་དུ་དམིགས་ཡུལ་འགྲུབ་ཡོད་པ་མ་རེད་མོད། ལོ་གསུམ་གྱི་དུས་ཡུན་རིང་སོ་སོས་ཞབས་ཕྱི་གང་ཐུབ་ཞུས་པ་ཡིན།
དྲི་བ། ལོ་གསུམ་ནང་གྲུབ་འབྲས་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། གྲུབ་འབྲས་ཟེར་དུས། བོད་རང་བཙན་སླར་གསོ་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་རྒྱུ་དེ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་བྱེད་ས་ཞིག་རེད། དེ་སོ་སོའི་སེམས་ཀྱི་གཏིང་དུ་བཞག་ནས་ལས་ཀ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ལོ་གསུམ་ནང་ལ་གྲུབ་འབྲས་འདི་རེད་ཅེས་ཆེན་པོ་ཞིག་བཤད་ཐུབ་པ་མི་འདུག་མོད། སྤྱིར་བཏང་ཆབ་སྲིད་ལས་འགུལ། མི་མང་ལ་མང་གཙོའི་གོ་རྟོགས་སྤེལ་རྒྱུ། སྤྱི་ཚོགས་ཞབས་ཕྱི་སོགས་ཀྱི་ཐོག་དབུས་རྒྱུན་ཚང་མས་གང་ཐུབ་བྱས་པ་རེད། ༢༠༠༨ ལོར་གསུམ་བཅུའི་དུས་དྲན་ནས་བོད་ནང་དུ་རྒྱལ་རབས་ལོ་རྒྱུས་ནང་དུ་འཁོད་འོས་པའི་མི་མང་གི་སྒེར་ལངས་བྱས་པ་རེད། སྐབས་དེར་བཙན་བྱོལ་ནང་དུའང་རང་གི་ལྟོ་གོས་ཙམ་ལ་བསམ་བློ་མ་བཏང་བར། ཚོགས་པ་ལྔའི་གོ་སྒྲིག་འོག་བོད་བར་དུ་ཞི་བའི་གོམ་བགྲོད་ཅིག་འགོ་བརྩམས་ཡོད་པ་རེད། བོད་ཕྱི་ནང་གཉིས་སུ་དུས་གཅིག་ལ་ལས་འགུལ་གཞི་རྒྱ་ཆེ་བ་དེ་འདྲ་ཞིག་སྤེལ་ཐུབ་པ་དེ་ཡག་པོ་བྱུང་བ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་སྔོན་ངས་ཤེས་པ་ལྟར་ན། བོད་ཕྱི་ནང་གཉིས་ནས་དུས་གཅིག་ལ་ལས་འགུལ་དེ་འདྲ་ཆེན་པོ་བྱུང་མྱོང་མེད་པ་ལྟ་བུ་རེད།
དྲི་བ། ལོ་གསུམ་རིང་ལས་དོན་བྱེད་སྐབས། འདོད་པ་མ་ཁེངས་ས་གཙོ་བོ་ག་རེ་ཡོད།
ལན། བོད་རང་བཙན་སླར་གསོ་མ་ཐུབ་པར་དུ་འདོད་པ་ཁེངས་རྒྱུ་ཡོད་མ་རེད། གལ་ཆེ་ཤོས་དེ་བོད་མི་ཞིག་ཡིན་པའི་ཆ་ནས་ཚང་མར་འགན་ཡོད་པ་རེད། དེ་བས་སྤྱིའི་སྡིངས་ཆའི་ཐོག་ལས་ཀ་བྱེད་སྐབས། སྒེར་གྱི་འདོད་པ་དང། སྒེར་གྱི་མདུན་ལམ་དེ་འདྲ་མ་ཡིན་པར། སྤྱི་དེ་གཞི་ལ་བཞག་སྟེེ་ལས་ཀ་བྱེད་རྒྱུ་གལ་ཆེན་པོར་བརྩི་ཡི་ཡོད། སོ་སོས་ཕྱིར་མིག་ཅིག་བལྟས་དུས། འཇོན་ཐང་དང་ཤེས་ཚད་མེད་ན་མ་གཏོགས། གང་ཐུབ་བྱས་པ་ཡིན།
དྲི་བ། སྤྱིར་བཏང་བོད་པས་ལས་འགུལ་སྤེལ་སྟངས་སྐོར་ལ་དགོངས་ཚུལ་ག་རེ་ཡོད།
ལན། གལ་ཆེ་ཤོས་དེ་ལས་འགུལ་སྤེལ་རྒྱུ་དེ་གནས་ཚུལ་ཞིག་མ་བྱུང་བར་དུ་སྒུག་མ་བསྡད་པར། སྒྲིག་འཛུགས་ཡིན་ནའང་རེད། སྒེར་ཡིན་ནའང་རེད། དང་པོ་ནས་བསམ་བློ་བཏང་སྟེ་ལས་འགུལ་རྩོམ་རྒྱུ་གལ་ཆེན་པོ་འདུག སྐབས་དང་དུས་ལ་བོད་ནང་ནས་གནད་དོན་བྱུང་སྐབས་ལས་འགུལ་སྤེལ་དགོས་པ་ང་ཚོའི་འགན་རེད། བྱེད་དགོས་པ་རེད་མོད། དེ་ཙམ་དང། གསུམ་བཅུའི་དུས་དྲན་སྐབས་སྐད་འབོད་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་དུ་བོད་མི་ཚང་མས་རྩ་དོན་ལ་འགན་ཁུར་ཏེ་ལས་ཀ་བྱེད་དགོས་ཀྱི་འདུག བོད་མི་ཚང་མས་རྩ་དོན་གྱི་ཆེད་དུ་འགན་ཁུར་ན་བོད་རང་བཙན་སླར་གསོ་ཐུབ་ཀྱི་རེད་ཅེས་བཤད་བསྡད་ཡོད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་གྱི་ཡོད་པ་རེད། བཀའ་སློབ་གནང་གི་ཡོད་པ་རེད། ང་ཚོས་ཀྱང་འགན་ཁུར་ནས་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་འདུག
དྲི་བ། སྐུ་ཉིད་རྒྱ་གར་ནང་དུ་འཚར་ལོངས་བྱུང་བ་རེད། རྗེས་སུ་ཨ་རིར་རྒྱུན་རིང་པོ་བསྡད་པ་དང། ད་ལྟ་རྒྱ་གར་ནང་དུ་ལས་ཀ་བྱེད་སྐབས། བོད་པའི་སྤྱི་ཚོགས་ནང་རྩ་དོན་གྱི་ཆེད་དུ་ལས་དོན་བྱེད་ཕྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་དང། ཡང་ན་ཉམས་ཆག་གི་རྣམ་པ་འདུག་གམ།
ལན། ལས་དོན་བྱེད་ཕྱོགས་ཡར་རྒྱས་ལ་མཐའ་ཡོད་པ་མ་རེད། ཡར་རྒྱས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། སྔོན་མ་ང་རྒྱ་གར་ལ་སྡོད་སྐབས། སྤྱི་ཚོགས་རང་གི་ནང་དུ་ལས་ཀ་ཆེན་པོ་བྱེད་ཐུབ་ཡོད་པ་མ་རེད། དེའི་སྐབས་མཐོ་སློབ་ལ་སོང་བ་དང། རྗེས་སུ་ཨ་རིར་ལོ་མང་པོར་བསྡད་པ་རེད། ད་ལྟ་ཚུར་ཡོང་ནས་ག་ཚོད་ཐུབ་ཐུབ་བྱེད་དགོས་པ་དེ་གལ་ཆེན་པོ་མཐོང་སོང། སྒྲིག་འཛུགས་འདི་གཅིག་པུ་མིན་པར། བཙན་བྱོལ་སྤྱི་ཚོགས་ནང་གནས་སྟངས་ག་འདྲ་ཡིན་ནའང། གུ་ཡངས་པོའི་ཐོག་ནས་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་རེད། ནམ་རྒྱུན་དུ་གཅིག་རང་བྱས་བསྡད་ན་ཁག་པོ་རེད།
དྲི་བ། བོད་ཀྱི་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་ཀྱི་རིགས་མ་འགྲིག་ས་ཟུར་འདོན་གནང་རྒྱུ་ཡོད་དམ།
ལན། འདི་འགྲིག་གི་མི་འདུག་ཅེས་ཞུ་ཐུབ་པ་མི་འདུག ང་ཚོ་འཐབ་རྩོད་དགོས་པའི་མི་རིགས་ཤིག་ཡིན་པས། བཙན་བྱོལ་གཞུང་གི་སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུ་དང། གཞོན་སྐྱེས་ཚོར་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། རྒྱལ་སྤྱིའི་ནང་གང་དུ་སོང་ནའང། མི་རིགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་བོད་དོན་གྱི་སྐད་ཆ་བཤད་ཐུབ་པ་ཞིག་དགོས་པ་རེད།
དྲི་བ། ༢༠༠༨ ལོའི་ལོ་མཇུག་དམིགས་བསལ་ཚོགས་ཆེན་གྱི་ཐོག་དབུ་མའི་ལམ་ལ་མང་མོས་རྒྱབ་སྐྱོར་བྱུང་བ་རེད། དེའི་རྗེས་སུ་བོད་རང་བཙན་གྱི་ལས་འགུལ་སྤེལ་སྐབས། མི་མང་ཁྲོད་འགྱུར་བ་སོང་འདུག་གམ།
ལན། དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། གལ་སྲིད་དུས་ཚོད་གང་འཚམས་ནང་རྒྱ་ནག་གིས་ཡ་ལན་མ་བྱུང་ན། བོད་རང་བཙན་རྩོད་རྒྱུ་དང། ཡང་ན་རང་ཐག་རང་གཅོད་རྩོད་རྒྱུ་དེ་ཡང་སྙན་ཐོའི་ནང་འཁོད་བསྡད་ཡོད་པ་རེད། དེ་རྗེས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྐབས་མི་མང་ནང་འགྱུར་བ་སོང་ཡོད་པ་མཐོང་གི་མི་འདུག
དྲི་བ། གཞོན་ལྷན་གྱི་ཚོགས་ཆེན་འཚོག་ལ་ཉེ་བས། དེའི་ཐོག་རེ་བ་ཆེ་ཤོས་ག་རེ་གནང་གི་ཡོད།
ལན། འབྱུང་འགྱུར་གྱི་ལོ་གསུམ་ནང་ག་རེ་བྱེད་རྒྱུ་ཡིན་པ་དེའི་སྐོར་རེད། གྲོས་ཆོད་ག་རེ་བཞག་ནའང་ལག་བསྟར་བྱེད་ཐུབ་པ་ཞིག་དང། ལྷག་པར་དུ་དུས་ཚོད་དང་བསྟུན་ནས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་འཇོག་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། གཞོན་ལྷན་གྱི་ལས་ཀ་བྱེད་སྐབས། ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་དང། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་གཞི་བཞག་སྟེ་ལས་ཀ་བྱེད་དགོས་པ་རེད།།
{jcomments on}