འབར་མའི་དམག་སྤྱི་རྒྱ་གར་དུ་འབྱོར་བར་ངོ་རྒོལ།
ཟླ་འདིའི་ཚེས་༢༥ ཉིན་བྷི་བྷི་སིའི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་༡༩༩༠ ལོ་ནས་འབར་མའི་ནང་སྙན་གྲགས་ཆེ་བའི་མང་གཙོ་དོན་གཉེར་བ་དང། ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུ་ཅེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད་ཀྱང་། ཟླ་འདིའི་ཚེས་༢༤ ནས་འབར་མའི་དམག་སྤྱི་ཆེན་མོ་ཐན་ཤིའུ། ཉིན་ལྔའི་རིང་རྒྱ་གར་དུ་ལྟ་སྐོར་ལ་མགྲོན་འབོད་བྱས་པ་དང། དེ་ནས་ཆེས་མཐོའི་དཔོན་རིགས་ཁག་དང་ལྷན་དུ་ཚོགས་འདུ་འཚོགས་པ་བཅས་ནི། འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་ལ་སྣང་ཆུང་བཏང་བ་རེད་ཅེས། རྒྱ་གར་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད།
དེང་སྐབས་འབར་མའི་དམག་སྤྱི་ཆེན་མོ་ཐན་ཤིའུ་ཡིས་འགོ་ཁྲིད་ནས། འབར་མའི་གཞུང་དམག་དཔུང་གིས་དབང་བསྒྱུར་བྱེད་བཞིན་ཡོད་པ་དང། འབར་མའི་དགེ་འདུན་པ་དང་མི་མང། མང་གཙོ་དོན་གཉེར་བ་སོགས་ཀྱིས་མང་གཙོ་དགོས་པའི་ཞི་རྒོལ་བྱེད་སྐབས། དྲག་པོའི་དམག་དཔུང་གིས་བཙན་གནོན་བྱས་ཡོད་པས། འཛམ་གླིང་རྒྱལ་ཁབ་མང་པོས་འབར་མའི་དམག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། དེ་བཞིན་ལྕམ་ཨང་སན་སུ་ཅེ་ལ་མང་གཙོའི་འོས་ཤོག་བརྒྱ་ཆ་༩༠ ལྷག་ཐོབ་ཡོད་རུང། ལོ་གྲངས་མང་པོའི་རིང་བཙོན་འཇུག་བཀག་ཉར་བྱས་ནས་ད་དུང་ཡང་གློད་གྲོལ་ཐོབ་མེད་པ་རེད།
འབར་མའི་དམག་སྤྱི་རྒྱ་གར་ནང་ཡོང་དོན་དང་། རྒྱ་གར་གྱི་སྲིད་བློན་སོགས་ལ་མཇལ་འཕྲད་བྱེད་འཆར་ཡོད་པར་འགྲེལ་བརྗོད་སྣ་ཚོགས་བྱེད་བཞིན་ཡོད་པ་དང། མང་པོ་ཞིག་གིས་རྒྱ་གར་དང་འབར་མ་གཉིས་དབར་རང་བྱུང་གི་རླངས་རྫས་དང། རིན་གོང་ཆེ་བའི་རྡོ་ཡི་རིགས་ཀྱི་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དེ། སྲ་བརྟན་དང་འཕེལ་རྒྱས་གཏོང་འདོད་ཡོད་པ་དང། ཚོང་འབྲེལ་དེའི་ཆེད་དུ་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང། རྒྱ་གར་གཞུང་གིས་མང་གཙོ་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་དེ་སྣང་མེད་བཏང་བ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་གར་གཞུང་ཕྱོགས་ནས་འབར་མའི་དམག་སྤྱི་མགྲོན་འབོད་ཞུ་དོན་ནི། དེང་སྐབས་རྒྱ་ནག་དང་འབར་མའི་དམག་གཞུང་གཉིས་དབར། གོ་མཚོན་དང་དམག་དཔུང་སོགས་ཀྱི་འབྲེལ་ལམ་དམ་དུ་འགྲོ་བཞིན་ཡོད་པས། འབར་མའི་བྱང་ཤར་དང་ཉེ་བའི་རྒྱ་གར་གྱི་ས་ཁུལ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོང་གི་ཡོད་པ་རྣམས་ལ་གོ་བསྡུར་བྱེད་ཆེད་ཡིན་ཞེས་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་དང།
དེ་བཞིན་ཨ་རི་གཞུང་གིས་ཀྱང། འབར་མའི་དམག་སྤྱི་བརྒྱུད་ནས་རྒྱ་ནག་གི་ཤུགས་རྐྱེན་ཉུང་དུ་གཏོང་རྒྱུ་དེ་ཁ་གསལ་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}