རྟའུ་ཞེས་པ་ལུང་པའི་མིང་དུ་ཇི་ལྟར་ཐོགས་སམ།
རྡོ་རྗེ་བྲག་དགོན་པར་སྟག་ལུང་རྩེ་སྤྲུལ་རིན་ཆེའི་སློབ་མ་ཞིག་གི་ས་ནས་སྐྱབས་རྗེ་བདུད་འཇོམས་གོང་འོག་གི་རྣམ་ཐར་ཞེས་པ་ཞིག་རག་མགོ་ནས་མཇུག་བར་ཐེངས་གཉིས་བཀླགས་པས། ཁྲག་འཐུང་བདུད་འཇོམས་གླིང་པའི་འཁྲུངས་ཡུལ་རྟའུ་ལྕགས་ཁུང་ངམ་ལྕགས་སྐོང་དུ་ཡིན་པ་ཁུངས་གསལ་རག་པ་དཔྱད་རྩོམ་དུ་བཀོད་ཡོད་གཟིགས་ཞིབ་གནང་རོགས་གནང་།
ད་དུང་དྲ་གྲོགས་སུ་ཡིན་ཡང་ཧོར་གླིང་གཡུལ་འགྱེད་སྟོད་སྨད་གང་རུང་ཞིག་ཏུ་རྟའུ་ཚྭ་མཚོ་དཀར་མོ།། ཞེས་སོགས་ཤོ་ལོ་ཀ་ཁ་ཤས་ཡོད་པ་ཆུང་དུས་མཐོང་མྱོང་ཡང་སྒྲུང་དེབ་མི་རྙེད་པས་གསལ་པོར་འགོད་ཐབས་བྲལ་ཚིག་དེ་སྒྲུང་དེབ་ཤོག་གྲངས་གང་དུ་ཡོད་མེད་རོགས་རམ་རེ་གནང་ཐུབ་བམ། ཁ་དྲོ་བཀྲ་ཤིས།
རྒན་པོའི་ངག་རྒྱུན་མཛེས་མའི་གཟུགས།།
ལོ་རྒྱུས་ཁང་བཟང་འདིར་བསུས་ཏེ།།
ལུང་རིགས་རྒྱན་ཆས་ལུས་སྦུད་ན།།
མཁས་པའི་ཕོ་གསར་མགུ་ངེས་སྙམ།།
ཞེས་ཚིགས་སུ་བཅད་པ་དབྱངས་ཀྱི་མཆོད་པ་འབུལ་བ་སྔོན་དུ་བཏང་ནས་གང་བཤད་པར་བྱ་བ་རྟའུ་ཞེས་པའི་ལུང་པའི་མིང་དེ་ནམ་བྱུང་ཞིང་དེ་ལྟར་མིང་ཐོགས་ཚུལ་སོགས་སྔོན་གྱི་རྒན་པོའི་ངག་རྒྱུན་གཞིར་བཞག་ཅིང་ལུང་དང་རིགས་པས་མཐའ་བརྒྱན་ཏེ་ཚད་ལྡན་གྱི་ལོ་རྒྱུས་མཁས་པའི་ཐུགས་དགྱེས་པའི་གཏམ་དུ་འགྱུར་བའི་ཐབས་ལ་ཅི་ནུས་ཀྱིས་འབད་དེ་འབྲི་བར་བྱའོ།།
དེ་ཡང་བོད་གངས་ཅན་པའི་ཤར་ཕྱོགས་དང་། རྒྱ་ནག་གི་ནུབ་བྱང་དུ་གནས་པའི་རྟའུ་ཤོད་ཆེན་ལྗོངས་ཞེས་པ་དེར་རྟའུ་ཞེས་པའི་མིང་ཇི་ལྟར་ཐོགས་སམ་ཞེ་ན། དེ་ཡང་སྔ་མོའི་མིས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཞིག་ཡིན་སྙམ།
རྟའུ་བའི་ཤར་ཕྱོགས་སུ་གནས་པའི་རྒྱལ་རོང་དགེ་བཤེས་རྩའི་རྒྱལ་པོའི་མངའ་འོག་དགེ་བཤེས་ས་པ་ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དང་། གྲོང་ཚོ་དེ་ནས་རྟའུ་ཕྱོགས་སུ་ཕར་བལྟས་ན་རྟ་པ་ལ་ཟེར་བའི་རི་ཞིག་མངོན་གྱི་ཡོད། རི་དེ་ལ་རྒྱང་ལྟ་བྱེད་སྐབས་རི་དེའི་རྩེ་མོ་ནི་རྟའི་རྣ་བ་དང་ཨ་ན་མ་ན་མཐོང་གི་ཡོད་སྟབས། རི་དེ་ལ་རྟ་པ་ལ་ཞེས་ཟེར་གྱི་ཡོད་ལ། རྟ་པ་རིའི་ཕར་རྒྱབ་ན་རྟའུ་ཡོད་ཅིང་དེར་གནའ་སྔ་མོ་རྒྱལ་རོང་བའི་དྲེལ་པ་དང་མཛོ་པ་སོགས་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་དེ་རྟ་པ་ལ་བརྒྱུད་ནས་རྟའུ་ལུང་ཕུག་ལུང་པ་འགྲིམས་ཏེ་སྟོད་ཉི་མ་ལྷ་སར་འགྲོ་དགོས་པ་དང༌། དུས་དེའི་རྒྱལ་རོང་བ་ཚོས་རྟ་པ་རིའི་རི་རྒྱབ་ན་འུ་འཐེ། འུ་ཤུ། འུ་འགྱུ་ར། འུ་འཇུ་ཅད། འུ་ཀེའམ་འུ་ཕྱོ། འུ་རྒུ་མད། འུ་སྐྱོ་གྱོ།འུ་ཐུ་པད། འུ་འཐུགའུ་རུ། འུ་མད། འུ་གཅར་(རིམ་བཞིན་ཐུངས་ཤིག་དང་། ཕར་སོང་། རྒྱུགས་ཤིག འཐེན་ཅིག དེད་ཅིག ཕོངས་ཤིག རྗེས་འདེད་ཐོངས། ཕུད་ཅིག ཆུགས་ཤིག བླུགས་ཤིག བུས་ཤིག གཅོར་ཅིག)སོགས་སྐུལ་ཚིག་ཚིག་གྲོགས་སུ་སྐུལ་ཚིག་རེའི་འགོར་འུ་ཞེས་པའི་ཚིག་གྲོགས་རེ་སྦྱར་ཏེ་གཏམ་ཤོད་མཁན་གྱི་མི་དེ་དག་ལ་མོ་དེའི་ཕར་རྒྱབ་ན་ཡོད་པས། རྟ་པ་ལའི་རྟ་དང་བྱ་ཚིག་ཚིག་གྲོགས་ཀྱི་འུ་ཟེར་བ་དེ་གཉིས་གཅིག་ཏུ་སྦྱར་ནས་རྟའུ་ཞེས་རྒྱལ་རོང་བས་རྟའུ་ལུང་པའི་མིང་དེ་ལྟར་བཏག་སམ་སྙམ། རྒྱུ་མཚན་ནི་རྒྱལ་རོང་བས་རྟ་པ་ལའི་ཕར་རྒྱབ་སྐད་མི་འདྲ་བ་བྱ་ཚིག་མང་ཆེ་བའི་མགོར་འུ་ཞེས་ཟེར་མཁན་གྱི་མི་དེ་འདྲ་ཡོད་པས། རྟ་པ་ལའི་རྟ་དང་སྐུལ་ཚིག་ཚིག་གྲོགས་འུ་ཟེར་བ་གཉིས་གཅིག་ཏུ་སྦྱར་ནས་ལུང་པ་དེའི་མིང་ལ་རྟའུ་དང་། ལུང་པ་དེའི་མི་ལ་རྟའུ་བ་ཞེས་ཟེར་བ་རེད་ཅེས་དངོས་སྟོབས་རིགས་པས་བརྟགས་ཏེ་དེ་ལྟར་བཤད་ན་ཤིན་ཏུ་འདྲ་ཆེ་ལ་དོན་དུའང་གྲུབ་སྙམ་མོ།།
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཁབ་ཏུ་བཞེས་པའི་སྐབས་རྟའུ་ཞེས་པའི་ལུང་པའི་མིང་དེ་ཉིད་ཐོག་མར་རྙེད་པར་འདོད་པ་དགོན་པའི་དབུ་ཟུར་བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་གསུངས་པ་ལྟར་ན། དེ་ཡང་ཆོས་རྒྱལ་གྱིས་བཀའ་མངགས་ལྟར་བློན་ཆེན་མགར་སོགས་ཀྱིས་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་བསུས་ཏེ་བོད་དུ་ཕེབས་ཡོང་སྐབས། རྟའུ་ནགས་ཕྲན་ཆ་ད་ལྟའི་གླིང་གེ་སར་གྱི་སྦྲ་མལ་ཡོད་སའི་ཡར་ཙམ་དུ་རྟའུ་དམེ་རྗེ་ཧེ་ཁ་ཟེར་བ་དེར་སླེབས་པ་དང༌། བློན་ཆེན་མགར་གྱིས་འགྲོ་ལམ་བལྟས་པས་ལུང་པ་འདིའི་ནང་འགྲོ་མི་ཉན་དེ་ནི་རྟའི་ཁོག་པ་ལྟར་ཀྱག་ཀྱོག་མང་ཞིང་ལུང་མདོར་མཚོ་ཆེན་པོ་ཞིག་ཀྱང་འདུག་པས། ཧ་ཅང་གི་བགྲོད་དཀའ་དེ་ལས་གཡི་ཁོག་ཏུ་འགྲོ་ན་གཅན་གཟན་གཡི་ཡི་ཁོག་པ་ལྟར་རྒྱ་ཆུང་ཞིང་བགྲོད་བདེ་ཞེས་གསུངས་ཏེ་རྟའུའི་ཁ་འབྲོག་ཆེ་ཤོས་གཡི་ཁོག་ནས་ཕེབས་ཡོད་པ་རེད། དེ་ནས་བཟུང་ལུང་པ་འདི་ལ་སྐབས་དེར་རྟ་ཁོག་ཟེར་ཞིང༌། ཁ་འབྲོག་དེ་ལ་གཡི་ཁོག་ཅེས་མིང་གཏན་དུ་ཆགས་པ་རེད། དུས་ཕྱིས་སུ་རྟའུའི་ལུང་སྐད་དར་རྗེས་རྟའུ་བས་ཁོག་པ་ལ་འུ་ཟེར་གྱི་ཡོད་སྟབས་རིམ་བཞིན་སྐད་འགྱུར་ཏེ་རྟའུ་ཞེས་ཆགས་སོང་བ་རེད། དེ་ཡང་རྟ་ཞེས་པ་བོད་སྤྱི་སྐད་རང་སོར་གནས་ཤིང་ཁོག་པ་ཞེས་པ་འུ་ཞེས་རྟའུ་སྐད་དུ་བསྒྱུར་བའམ་རང་བཞིན་གྱི་འགྱུར་བ་ཞིག་ཡིན་པ་ཐག་བཅད་ཆོག་པ་ཞིག་རེད།
དེ་ལྟ་བུའི་བོད་སྤྱི་སྐད་དང་རྟའུ་སྐད་འདྲེས་མས་མིང་དུ་གྲུབ་པ། དཔེར་ན། འོ་ཇ་ལ་ལྷུ་ཇ་དང། ཚྭ་ཕོར་ལ་ཚྭ་ཥུ། ལྕགས་སྒམ་ལ་ཅོ་སྒམ། གསེར་གྱི་ཨ་ལོང་ལ་གསེར་ལོང་ཐུག གསེར་གྱི་ལག་གདུབ་ལ་གསེར་ལད་ཀེ། ཕ་བུ་ལ་ཕ་ཟི། མ་བུ་ལ་མ་ཟི། སྒོ་སྲུང་ལ་འ་སྲུང་། ཁྱིམ་སྲུང་ལ་ཡོ་སྲུང་། སྟག་ཕྲུག་ལ་སྟག་ཟི། གཟིག་ཕྲུག་ལ་གཟིག་ཟི། ཁྱི་ཕྲུག་ལ་ཁི་ཟི་སོགས་དཔྱད་ན་ཤིན་ཏུ་མང་པོ་ཡོད་དོ།།
མི་ཉག་ལྕགས་ལ་རྒྱལ་པོ་དང་། རྒྱལ་རོང་དགེ་བཤེས་རྩའི་རྒྱལ་པོ། ཧོར་ནམ་མཁའ་རྒྱལ་མཚན་སོགས་ཀྱི་གོང་དུ་རང་རེའི་ཡུལ་ལ་ནི་རྟའུ་ཞེས་ཟེར་གྱི་ཡོད་དེ། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ཤོག་གྲངས་༣༡༢ལས། ཁམས་ཕྱོགས་ཀྱི་གནའ་བོའི་ཡུལ་མིང་འགའ་རེ་དཔེར་ན་ཏྲེ་དང་མདན་དང་རྟའུ་དཀྱུས་ལྟ་བུའང་ཏུན་ཧོང་གཏེར་ཡིག་ཏུ་མཐོང་རྒྱུ་ཡོད་ལ། ཞེས་པར་བལྟས་ན་ཏུན་ཧོང་ཡི་གེ་ནི་སྤྱི་ལོ་ ༧༨༧ ནས་༨༤༧ ལོའི་བར་གྱི་ལོ་རྒྱུས་ཡིག་རྙིང་ཡིན་དགོས། དེར་བལྟས་ན་དུས་རབས་བདུན་པའི་དུས་མཇུག་མིན་ནའང་དུས་རབས་བརྒྱད་པའི་དུས་མགོ་མཚོ་དེ་ཡང་རིམ་བཞིན་བྲི་པའམ་ཡང་ན་བཙན་པོའི་དམག་མི་དང་མི་མང་གིས་མཚོ་བསུས་ནས་མིའི་ལུང་པ་ཆགས་པ་ནས་བཟུང་ཡུལ་དེ་ལ་རྟའུ་ཞེས་མིང་ཐོགས་ཡོད་པ་ཐག་བཅད་དེ་བཤད་ཆོག་པ་ཞིག་རེད། གོང་དུ་བཤད་ཟིན་པ་ལྟར་བློན་ཆེན་མགར་གྱིས་འགྲོ་ལམ་ལྟ་སྐབས་རྟའི་ཁོག་པ་ལྟ་བུ་རེད་ཅེས་བཤད་པ་ནས་བཟུང་ལུང་པའི་མིང་གི་ས་བོན་ཙམ་གྲུབ། དེའི་གོང་དུ་རྟ་ཤུལ་ཞེས་ཟེར་གྱི་ཡོད་པ་དང་།དུས་ཕྱིས་སུའང་རྟ་ཤུལ་ཞེས་འབོད་མཁན་ཡོད་དེ་ <<ཆོས་ཉིད་སྒྱུ་མར་རོལ་པའི་སྣང་ལམ་གསང་བ་ཉམས་བྱུང་གི་རྟོགས་བརྗོད་གསལ་བའི་མེ་ལོང་>> ཤོག་གྲངས་གསུམ་པ་དང་བཞི་པའི་རྒྱབ་ཏུ། འདྲ་ལྕགས་ཁུང་ཞེས་པ་རྒྱ་མིས་ལྕགས་བརྐོ་པའིི་ཁུང་ བུ་ཡོད་པ་ལ་ཡུལ་གྱི་མིང་དུ་གྲགས་པའི་སྟོད་དུ་གནས་སོ།།
འདྲ་ལྕགས་ཁུང་(སྐོང་)ཞེས་པ་ཡུལ་གང་དུ་གཏོགས་ཤེ་ན་དེ་ནི་སྨད་མདོ་ཁམས་སྒང་དུག་གི་ཡ་གྱལ་ཤར་མི་ར་བ་སྒང་གི་སའི་ཐིག་ལེ། ཁམས་ཀྱི་གནས་ཆེན་ཉི་ཤུ་རྩ་ལྔའི་ཡ་གྱལ། སྦ་ཞབས་བྲག་དཀར་རམ། ཝ་ཞེས་སེང་གེ་བྲག་དཀར་ཞེས་སྔོན་དུས་སྤ་མི་ཕམ་མགོན་པོས་ཧེ་རུ་ཀའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པ་དེའི་གཡས་ཕྱོགས་ནས་བབས་པའི་ཆུ་བོའི་རྒྱུན་དང་ལྡན་པ་ལ་འདྲ་ལྕགས་ཁུང་བ་ཞེས་གྲགས་པ་དེའམ་ཡུལ་དེར་གནས་པའི་གྲོང་ཁྱེར་བ་རྣམས། སྟོད་ཕྱོགས་རྒྱང་འབྲོག་པ་རྣམས་ལའང་སྤྱི་མིང་ལྕགས་ཁུང་བ་ཞེས་ཟེར། ཞེས་གསུངས་པ་ནི་ཁྲག་འཐུང་བདུད་འཇོམས་གླིང་པའི་འཁྲུངས་ཡུལ་རང་རེའི་རྟའུ་སྦ་ཞབས་ཀྱི་ཕྱོགས་སུ་ཡོད་པ༷འི་འདྲ་ལྕགས་ཁུང་ཡིན་པ་ཐག་ཆོད་ཅིང་དོགས་པ་ཡང་མི་དགོས་ལ། ཡང་<<སྐྱབས་རྗེ་བདུད་འཇོམས་སྐུ་གོང་འོག་གི་རྣམ་ཐར་>>ཤོག་གྲངས་༡དང་༢་པ་ལས།( 2004ལོར། མཁན་པོ་པད་མ་རིག་འཛིན་གྱིས་ཕྱོགས་བསྒྲིགས་མཛད།) སྨད་མདོ་ཁམས་སྒང་དྲུག་ལས་ཤར་མི་ཉག་ར་བ་སྒང་གི་སའི་ཐིག་ལེ་ཝ་ཞབས་སེང་གེ་བྲག་དཀར་རམ་འདྲ་ལྕགས་ཁུང་ཞེས་པའི་གནས་སུ། ཡབ་གནུབས་ཀྱི་རུས་བརྒྱུད་ཨ་བརྟན་ཞེས་པ་དང་། ཡུམ་དམུ་ཚ་བོ་རྫོགས་ཞེས་པའི་སྲས་སུ་རབ་འབྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ལོ་ཆོ་འཕྲུལ་ཡར་ཚེས་བཅུ་ལ་སྐུ་འཁྲུངས། ཞེས་གསུངས་སོ།།
ཡང་<<རང་རྣམ་>>ཤོག་གྲངས་༥༣རྒྱབ་ཏུ་དེ་ནས་རང་ལོ་ཉེར་དྲུག་ལ་བབས་ཚེ། བུ་ཆུང་རྟ་ཤུལ་གྱི་ནང་དུ་རྙེད་ཚོལ་ལ་ཕྱིན་ཚེ་མཁའ་འགྲོའི་ལུང་བསྟན་མང་དུ་བྱུང་བ་ཐམས་ཅད་ཐོག་ཏུ་མི་ཁེལ་བ་གཅིག་ཀྱང་མ་བྱུང་ངོ། ཞེས་གསུངས་པ་དང་། ཡང་<<དེ་ཉིད་>>ལས་རྟ་ཤུལ་གོང་མའི་བུམ་སྒྲུབ་བྱས་ཚེ་ཡང་ནུབ་གཅིག་གི་རྨི་ལམ་ན་ཞེས་གསུངས་པ་དང་ཡང་དེ་ཉིད་ཀྱི་ཤོག་གྲངས་༥༣ལས། དེ་ནས་རང་ལོ་ཉེར་དྲུག་ལ་བབས་ཚེ། བུ་ཆུང་རྟ་ཤུལ་གྱི་ནང་དུ་རྙེད་ཚོལ་ལ་ཕྱིན་ཚེ་མཁའ་འགྲོའི་ལུང་བསྟན་མང་དུ་བྱུང་བ་ཐམས་ཅད་ཐོག་ཏུ་མི་ཁེལ་བ་གཅིག་ཀྱང་མ་བྱུང་ངོ།།
གོང་དུ་ལུང་སྔ་ཕྱི་གཉིས་ནས་རྟ་ཤུལ་ཟེར་བ་དེ་རྟའུའི་ནང་དུ་ཡིན་ན་སྔོན་ཆད་རྟ་ཤུལ་ཞེས་ཟེར་གྱི་ཡོད་པའི་བདེན་དཔང་ཞིག་རྙེད་པ་ཡིན། འོན་ཀྱང་བླ་མ་འདིའི་འཁྲུངས་ཡུལ་ནི་རྟའུ་ཡིན་ན་ཡང་།རྟ་ཤུལ་ཟེར་བ་རྟའུ་རང་དུ་ཡིན་མིན་བརྟག་དགོས་ལ། གསེར་རྟའི་ནང་དུ་རྟ་ཤུལ་གོང་མ་དང་། རྟ་ཤུལ་རུ་ཐལ་མ་ཟེར་བ་སོགས་རུས་རྒྱུད་མང་པོ་ཡོད་ཅེས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལ་བལྟས་ན་ད་དུང་རྟ་ཤུལ་ཟེར་བ་དེ་རྟའུ་ལ་ཟེར་བ་ཡིན་གསེར་རྟའི་རྟ་ཤུལ་ཟེར་བ་ཡིན་བརྟག་དགོས། སྤྱིར་རུས་རྒྱུད་ཟེར་བ་དེ་ཡུལ་གཅིག་ཏུ་ངེས་པ་ཞིག་མིན་ལ། བདུད་འཇོམས་ཁྲག་འཐུང་གླིང་པའམ་བདུད་འཇོམས་རྡོ་རྗེ་གྲོད་ལོ་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཕེབས་པ་ཞིག་རེད། གལ་ཏེ་རྟ་ཤུལ་ཞེས་རྟའུའི་རུས་རྒྱུད་ཅིག་ལ་ཟེར་བ་ཡིན་ན་སྐབས་དེར་ཡང་ད་དུང་རྟ་ཤུལ་ཞེས་འབོད་མཁན་ཡོད་པ་ལ་བལྟས་ཀྱང་སྔོན་ཆད་རྟ་ཤུལ་ཟེར་གྱི་ཡོད་པ་ཤེས་ནུས། ཁོང་གི་འཁྲུངས་ཡུལ་ནི་རྟའུའི་ཡུལ་མཐའ་ལྕགས་ཁུང་(སྐོང་)ཟེར་ས་ཡིན་པས་ས་ཁུག་ཀྱོག་ཏུ་བརྡ་རྙིང་མང་དུ་ལུས་པ་དེའང་ཡོངས་གྲགས་ཤིག་ཡིན། སྤྱིར་བཏང་རུས་མིང་དེ་འབྲོག་སར་དར་ཁྱབ་ཆེ་ཞིང་རོང་པས་དེ་ཙམ་རུས་མིང་ལ་དོ་སྣང་སྤྲོད་ཀྱི་མེད་པའི་རྒྱུ་མཚན་གྱིས་རྟའུའི་ནང་དུའང་དུས་རབས་བདུན་པའི་དུས་སྟོད་དུ་རྟའུ་ལ་རྟ་ཤུལ་ཟེར་གྱི་ཡོད་པའི་བདེན་རྟགས་དེང་སང་གི་རྟའུའི་ནང་དུ་རྙེད་དཀའ་བ་དེ་ཡང་རྟ་ཤུལ་ཞེས་པའི་རུས་རྒྱུད་མེད་པའི་རྒྱུ་མཚན་དུ་མི་འགྲོ་སྟེ། སྔོན་ཆད་རྟའུ་བས་དོ་སྣང་མ་བྱས་པའི་ཕྱིར། རྟ་ཤུལ་ཞེས་ཟེར་དགོས་དོན་ནི་རྟའུ་བ་ནི་ལྡོངས་རིགས་ཡིན་པའི་རྟགས་མཚན་གསལ་པོ་ཞིག་ཡིན་ལ་རྟའུ་བ་བྱིངས་ནི་ལྡོངས་རིགས་ཡིན་པས་རྟ་ཤུལ་གྱི་རིགས་རྒྱུད་དེའང་ལྡོངས་རིགས་དར་རྒྱས་ཆེ་ས་ཞིག་ཏུ་ཡོད་སྙམ། རྟ་ཤུལ་ཞེས་པ་དེ་ལྡོངས་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་དུ་རྟ་ཤུལ་ཟེར་བ་དེ་ཡིན་ནོ།།
འབྲོག་པས་རུས་མིང་ལ་དོ་སྣང་ཡོད་པ་དང་། རོང་པས་དོ་སྣང་དེ་ཙམ་མི་བྱེད་པའི་གསང་བ་ཞིག་བཤད་འདོད། ངས་བསམ་པ་ལ་སྔོན་ཆད་རུས་མིང་ལ་བལྟས་ཏེ་ཚོ་ཁག་འདྲ་མིན་གྱེས་ཤིང་། དེ་ལ་བརྟེན་ནས་རྒྱལ་ཕྲན་གྱི་རྣམ་པ་འདྲ་མིན་ཆགས་ནས་བོད་ཡོངས་གཅིག་གྱུར་ཡོང་བ་ལ་འགོག་རྐྱེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དུས་ཕྱིས་སུ་རྒྱལ་པོའི་ལམ་ལུགས་དར་ཞིང་ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ཆེན་པོ་རྒྱ་བསྐྱེད་གསར་འཛུགས་བརྟན་ལྷིང་སྲ་བརྟན་ཆགས་པ་དེ་རུས་མིང་དང་ཚོ་ཁག་མི་རྩོད་པར་བོད་གཅིག་གྱུར་གྱི་ལས་འགུལ་འདྲ་མིན་སྤེལ་བའི་སྐབས་རུས་མིང་ལ་གཙོ་བོར་འཛིན་མི་ཆོག་པའིོ་བཀའ་ཁྲིམས་བཅད་ཡོད་པའང་མི་སྲིད་པ་མིན་ཏེ། ཡུལ་དབུས་སུ་རུས་མིང་འཛིན་མཁན་ཡང་རྒྱལ་རབས་དེབ་ཐེར་སོགས་སུ་གསལ་པོ་མེད་ཅིང་། ཡོད་པའང་ཆེས་དཀོན་པ་ལྟ་བུ་གསུངས་ཤིང་། ཁམས་དང་ཨ་མདོའི་འབྲོག་པའི་དམངས་ཁྲོད་དུ་རུས་མིང་མང་ལ་རོང་དུ་ཚོང་འདུས་མང་སར་ཡང་རུས་མིང་ཞིབ་ཆ་མེད་པ་དེ་ཡང་ཆབ་སྲིད་ཀྱི་གསང་བ་ཞིག་ཡིན་ནམ་སྙམ། བོད་ཀྱིས་བཙན་པོའི་སྐབས་སམ་ཡང་ན་བོད་སིལ་བུར་རྗེས་ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱིས་རུས་མིང་འཛིན་མི་ཆོག་པར་དུད་མིང་དང་ས་མིང་འཛིན་དགོས་པ་ལྟ་བུ་ཁྲིམས་བཅད་པའང་ཡིན་མི་སྲིད་པ་མིན་ཏེ། རོང་པར་དམ་བསྒྲགས་ཆེ་ཞིང་འབྲོག་སར་དེ་ཙམ་འགོག་མ་ཐུབ་པའི་དབང་གིས་ད་བར་རོང་པས་རུས་མིང་མི་ཤེས་པ་དང་། འབྲོག་པས་རུས་མིང་ལ་མཁས་པའི་རྒྱུ་མཚན་ཡང་གནས་ཚུལ་དེ་འདྲ་ཞིག་ཡིན་སྙམ་མོ།།
ཁམས་གསེར་རྟར་རུས་མིང་འདྲ་ལྕགས་ཁུང་ཞེས་པ་ནི་རྟའུའི་འདྲ་ལྕགས་ཁུང་གི་ཡུལ་ནས་གསེར་རྟར་མཆེད་པའི་མི་རྒྱུད་ལ་ཟེར་བ་ལྟར། ཁམས་གསེར་རྟའི་རྟ་ཤུལ་ཟེར་བའི་རུས་རྒྱུད་དེ་ཡང་རྟའུ་ནས་ཡར་མཆེད་པའམ་ཡང་ན་གསེར་རྟ་ནས་མར་མཆེད་པ་ཡིན་དེ་ཡང་བརྟག་དགོས་པའི་གནས་ཤིག་ཡིན། གལ་ཏེ་མར་མཆེད་པ་ཡིན་ན་དུས་རབས་བདུན་པའི་དུས་སྟོད་ཙམ་ནས་མཆེད་པ་ཞིག་ཡིན་དགོས་པའི་ཆེས་སྔ་ལ། གསེར་རྟར་ཡར་མཆེད་པ་ཞིག་ཡིན་ན་དེ་ལྟར་དུས་ཡུན་རིང་པོ་ཞིག་སོང་མེད་སྙམ་མོ།།
བློན་ཆེན་མགར་གྱིས་རྟའི་ཁོག་པ་ལྟ་བུ་ཞེས་གསུངས་དོན་ཡང་སྐབས་དེར་ལུང་པ་དེ་ལ་རྟ་ཤུལ་ཟེར་གྱི་ཡོད་པའི་བདེན་རྟགས་ཡིན། དཔེར་ན། སྐབས་དེར་བློན་ཆེན་གྱིས་ཆོབ་ལྟ་བུ་རྟ་ཤུལ་ནི་རྟ་རང་རེད། ལྟོས་དང་ལུང་པའང་རྟའི་ཁོག་པ་འདྲ་པོ་མི་འདུག་གམ་ཞེས་གསུངས་ཡོད་མདོག་ཁག་པོ་འདུག དེ་ལྟ་བུའི་དཔྱད་པ་མང་དུ་བཏང་ན་རྟའུ་ཞེས་པའི་ལུང་པའི་མིང་གྲུབ་སྟངས་དེ་ཨ་ཁུ་རྡོ་རྗེ་དབང་ཕྱུག་གིས་གསུང་ཚུལ་དེ་ཇེ་བདེན་ཇེ་གསལ་དུ་འགྲོ་ཞིང་ལུང་རིགས་ཀྱི་རྒྱབ་རྟེན་ཡང་འཚོལ་དུ་ཡོད་པ་ཞིག་མ་ཡིན་ནམ།
ཡང་མི་མང་པོ་ཞིག་གིས་ཨ་མདོ་ཕྱོགས་ཀྱི་རྟ་བོ་དང༌། རང་རེའི་ཁམས་རྟའུ་གཉིས་ནོར་གྱི་ཡོད། གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་དགོན་པའི་རྟ་བོ་མི་ཚན་ནི་སྒོ་མང་གྲྭ་ཚང་གི་ཁོངས་སུ་གཏོགས་ཤིང༌། རྟའུ་མི་ཚན་ནི་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཡ་གྱལ་ཏྲེ་ཧོར་ཁང་ཚན་གྱི་ཁོངས་སུ་གཏོགས་སོ།།
ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་ཆེན་འཇང་གླིང་ཞེས་པར་ཧོར་ཤན་པ་རྨེ་རུ་རྩེས་འཇང་གཡུ་ལྷ་ཐོགས་འགྱུར་བཟུང་སའི་རྟའུ་ཚ་མཚོ་དཀར་མོ་ཟེར་བ་དེ་ཁམས་རྟའུ་མ་རེད་ཨ་མདོ་རྟ་བོ་རེད་ཟེར་བ་དེ་ཡང་བདེན་པར་འཛིན་དཀའ་སྟེ། སྒྲུང་ཡིག་ཏུ་རྟའུ་ཚྭ་མཚོ་དཀར་མོ་ཞེས་བྲིས་པ་ལས་རྟ་བོ་ཚྭ་མཚོ་དཀར་མོ་ཞེས་བྲིས་མེད་པས་ལུང་པ་དེ་གཉིས་ཀྱི་མིང་གི་དག་ཆ་ལ་བལྟས་ན་ཤེས་ནུས། ད་དུང་རྟའུ་ཚྭ་མཚོ་དཀར་མོ་ཞེས་པ་ནི་ལྷོ་རི་གཡག་སྙིང་གི་རི་འདབ་གྲུ་ཕུག་གྲོང་པའི་ལྷོ་ངོས་སུ་ཡོད་ཅིང་། མཚོ་དེའི་ཆུ་འཐུང་ན་ཚྭ་ཁུ་ཡིན་པས་ཚྭ་ཞེས་ཟེར་ལ། ཚེས་བཟང་དུས་བཟང་གི་སྐབས་མཚོ་དེའི་ཆུ་མདོག་འགྱུར་ནས་འོ་མའི་ཁ་དོག་ལྟར་ཆགས་ཀྱི་ཡོད་པས་དཀར་མོ་ཞེས་ཟེར། སྤྱིར་རྟའུ་ཡི་ཡུལ་དུ་ནི་གླིང་གེ་སར་སྐབས་ཀྱི་གནས་ཚུལ་ཤོད་རྒྱུ་མང་པོ་ཡོད། གྲུ་ཕུག་ལུང་པར་སྟག་རོང་དཔོན་པོ་ཁྲོ་ཐང་ཚང་གི་མཁར་མཇལ་རྒྱུ་ཡོད་ལ། དེང་སང་ཡུལ་དེའི་གྲོང་པའི་མིང་ལ་སྟག་མཁར་གྲོང་པ་ཞེས་ཟེར། སྟག་མཁར་ཚང་ཟེར་བའི་མི་ཚང་ཞིག་ཀྱང་ཡོད། ཁྲོ་ཐུང་གི་མི་རྒྱུད་ཡིན་མིན་ནི་མི་ཤེས། ཡང་རྟའུ་ཅོ་ལོ་སྣེར་གེ་སར་རྒྱལ་པོ་འུར་རྡོ་རེད་ཅེས་རྡོ་ཕ་ཝང་ཆེན་པོ་ཞིག་མཇལ་རྒྱུ་ཡོད། རིག་གནས་གསར་རྗེ་ཆེན་པོའི་སྐབས་འབར་རྫས་ཀྱིས་གཏོར་ནས་ད་ལྟའི་ཆར་ཤུལ་ཙམ་ལས་མེད། རྟའུ་དགེ་བཤེས་སྒྱོགས་ས་གྲོང་པར་གེ་སར་རྒྱལ་པོས་སྒྱོགས་རྡོ་འཕེན་ས་ཞིག་ཡོད་ཅིང་། རྟའུ་ནག་ཕྲན་ཆར་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པ་དེའི་དབུས་སུ་གེ་སར་སྦྲ་མལ་ཟེར་བའི་གླིང་གེ་སར་རྒྱལ་པོའི་སྦྲ་ཕུབ་ཤུལ་སྤང་གྲུ་བཞི་མ་རྐང་པོལ་རྩེད་ཐང་ལས་ཅུང་ཆེ་ཙམ་མམ་ཡང་ན་དེ་དང་མཉམ་པ་ཞིག་ཡོད། ཉེ་འགྲམ་དུ་ད་དུང་མ་འབྲུག་མོས་ཇ་རྡུང་ས་རྡོ་ཀོང་ཞིག་དང་། དབུ་སྐྲ་བཀྲུས་སའི་རྒྱུག་ཆུ། གེ་སར་རྒྱལ་པོའི་ལ་བཙས་སོགས་ངོས་འཛིན་བྱ་རྒྱུ་ཡོད། དེར་དུས་ཆེན་གལ་ཆེན་འཁེལ་སྐབས་མི་ཉག་པའི་འབྲོག་པ་དང་རྟའུ་བའི་འབྲོག་པ་དང་ཞིང་པ་སོགས་ཀྱིས་རི་བསངས་རླུང་རྟ་འཛུགས་པ་སོགས་བྱེད་ཀྱིན་ཡོད། ལྷག་པར་དུ་རྟའུ་བའི་མི་ཚོ་ས་དེར་སླེབས་པ་དང་མོ་ཊ་བཀག་སྟེ་མཇལ་སྐོར་གསོལ་འདེབས་སོགས་བྱེད་དེ་གནས་ཆེན་ལྟ་བུ་རྩ་ཆེན་དུ་བརྩིས་ཀྱིས་ཡོད། དེ་དག་གིས་གང་ཞིག་བསྟན་གྱིས་ཡོད་ཟེར་ན། དེས་རྟའུ་ནི་བོད་རིགས་རྣམ་དག་ཡིན་པ་དང་། རུས་ཆེན་བཞིའི་ནང་ལྡོངས་རིགས་ཡིན་པ་ལོ་རྒྱུས་ཀྱི་ཤུལ་རྗེས་དེ་དག་གིས་དཔང་རྟགས་བྱས་ཀྱིས་ཡོད་པར་འདོད་དོ།།
ས་ཁུལ་དེ་མཐོ་ས་ནས་གཤམ་ཏུ་རྒྱང་ལྟ་བྱེད་དུ་རྟ་དང་འདྲ་བར་བརྟེན་ནས་མིང་དེ་ཐོགས་ཤིང་རྟ་ཡི་རྟེའུ་ལ་གོ། ཞེས་དཀར་མཛེས་ཁུལ་གྱི་ 2004 ལོའི་མི་འབོར་ཞིབ་བཤེར་ཞེས་པར་དེ་འདྲ་བྲིས་འདུག་དེ་དང་ཕྲན་གྱི་ཤོད་ཚུལ་རྗེས་མ་གཉིས་ཕྲན་བུ་འདྲ་ཡང་རྟའི་རྟེའུ་ལ་གོ་ཞེས་པ་ནི་མ་བརྟགས་མ་དཔྱད་པའི་གཏམ་འབའ་ཞིག་ཡིན། ཀྲུང་གོའི་ཤིང་ལང་ཝང་新浪网ཟེར་བའི་དྲ་རྒྱ་འདི་ཐོག་ཡང་ཤོད་ཚུལ་ཞིག་ལ། མི་ཉག་གངས་དཀར་རི་གཤམ་དུ་རྔོན་པ་ཞིག་གིས་རྟ་རྒོད་མ་ཞིག་དང་རྟེའུ་ཞིག་རྩྭ་ཟ་བཞིན་ཡོད་པ་མཐོང༌། མདའ་འཕངས་ཏེ་རྒོད་མ་བསད་ཀྱང་རྟེའུ་བྲོས་བས་རྗེས་འདེད་བཏང་ནས་ས་ཆ་ཞིག་ཏུ་སླེབས། དེ་ནི་ས་སྐྱིད་ཅིང་རྩྭ་འབོལ་པོ་ཆུ་བཟང་བ་ཞིག་མཐོང་ནས་ཡུལ་དེའི་མིང་ལ་རྟའུ་ཞེས་ཐོགས་སོ།།
རྒྱ་སྐད་ཐོག་རྟའུ་ལ་ཏོ་ཕྷུག་ཅེས་ཟེར་བ་ནི་ཟུར་ཆག་གི་མིང་ཡིན། དཔེར་ན། ཤིང་ལང་ཝང་新浪网 དྲ་རྒྱ་འདིའི་ཐོག་རྒྱས་སྤྱི་ལོ་1911ཡན་དུ་རྒྱ་སྐད་ཐོག་ཀྱང་རྟའུ་道坞ཞེས་ཟེར་གྱི་ཡོད་ཀྱང༌ཚིག་དོན་དེ་མི་ལེགས་པར་མཐོང་ནས། སྤྱི་ལོ་1912ལོར་གོ་མིན་ཏང་གིས་རྫོང་ཐོག་མར་བཙུགས་ཤིང་མིང་ཡང་ཕྱེད་ཀ་བརྗེ་བསྒྱུར་གྱིས་ཏོ་ཧྥུག་道孚ཅེས་པ་རྒྱའི་ཚིག་གི་ནང་དུ་དོན་བཟང་པོ་ཞིག་ལ་གོ་རྒྱུ་ཡོད་པས་དེ་ལྟར་བཟོས་ཡོད་ཅེས་བཤད། ཡང་སྤྱི་ལོ་1936དམར་དམག་ཐོག་མར་འབྱོར་ནས་ཊིག་དེད་朱德、ནུའུ་པད་ཁྲན་刘伯承、ཤིའུ་ཤང་ཆཨན་徐向前སོགས་ཀྱིས་མིང་གསར་པ་དེ་རང་འཇགས་བཞག་སྟེ་རྟའུ་རྫོང་མི་མང་སྲིད་གཞུང་ཐོག་མར་བཙུགས། སྤྱི་ལོ་1989ལོར་རྟའུ་རྫོང་རྒྱ་བསྐྱེད་བཏང་ནས་མི་ཉག་པ་ཕྱེད་ཀ་ཙམ་རྟའུ་རྫོང་ཁོངས་སུ་བཙུད་དེ་ས་གཞི་ཡོངས་ཀྱི་ཁྱབ་ཚད་ཕུག་ཁྲི་7546དང་། མི་འབོར་48000ཙམ་ཡོད་པ་ཡིན། དེའི་ནང་བོད་རིགས་དང་། རྒྱ་རིགས། ཆངས་རིགས་སོགས་མི་རིགས་16ཙམ་ཡོད་ཀྱང་བརྒྱ་ཆ་89བོད་རིགས་ཡིན་ཞེས་འཁོད། དེང་སང་རྟའུ་ཞེས་པའི་མིང་དེ་ཁྱབ་ཚད་ཆེ་རུ་སོང་ནས་མི་ཉག་པ་ཕྱེད་ཁ་ཙམ་རྟའུ་རྫོང་གི་ཁོངས་སུ་གཏོགས་ཤིང་། སྔོན་ཆད་རྟའུ་ནི་ཏྲེ་ཧོར་གྱི་ཁོངས་སུ་གཏོགས་ཤིང་། དེའི་སྔོན་དུ་རྒྱལ་རོང་དགེ་བཤེས་རྩ་དང་མི་ཉག་ལྕགས་ལ་རྒྱལ་པོའི་མངའ་འོག་ཏུའང་གཏོགས་མྱངས་ལ། དུས་ཀྱི་འཕོ་འགྱུར་ནི་སུས་ཀྱང་འགོག་མི་ནུས་པས་ད་རེས་སྐབས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་རྫོང་ཁག་བཅོ་བརྒྱད་ཀྱི་གྲས་སུ་བརྩིས། རྟའུ་རྫོང་ནི་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་དབུས་སུ་གནས་ཤིང་རྫོང་མི་དམངས་སྲིད་གཞུང་ནི་རྟའུ་ཉ་མཚོ་དགོན་པའི་གཡོན་ཟུར་དང་རུས་རྙེད་གྲོང་རྙིང་གི་གཤམ། རུས་རྙེད་གསེར་པའི་དབུས་སུ་ཡོད་རུས་རྙེད་གསར་པ་ནི་གྲོང་བརྡར་ནས་གྲོང་འཁྱེར་གྱི་རྣམ་པར་འགྱུར་བཞིན་ཡོད་ལ་རུས་རྙེད་གསར་པའི་སྟོད་དུ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ལས་བྱུང་བའི་ཤིང་ཁང་རྣམས་བཟོ་བཀོད་མཛེས་ཤིང་རྒྱུད་ཆ་མང་ཆེ་བ་ཤིང་ལས་གྲུབ་པ་ཡིན་པས་མི་རྣམས་ཀྱི་འཕྲོད་བསྟེན་ལ་རམ་འདེགས་མི་དམན་པ་ཡོད་ཅིང་དགུན་ཁར་དྲོད་ཆེ་བ་སོགས་ཀྱི་དགེ་མཚན་་ཡོད། རུས་རྙེད་གསར་པའི་སྨད་དུ་དེང་རབས་ཀྱི་ཁང་བརྩེགས་མཐོ་ཞིང་བསྟར་ཕྲེང་འཚར་དུ་དངར་བ་ནམ་མཁའི་སྐར་ཚོགས་ས་ལ་འཕོའམ་སྙམ་པའི་མི་རྣམས་ལ་ཐེ་ཚོམ་སྐྱེས་གཞི་ལྟ་བུར་སྡོད་ཁང་དང་ལས་ཁུངས་ཚོང་ཁང་སོགས་ཧ་ཅང་མང་པོ་ཡོད། ལྷག་པར་དུ་རྟའུ་ཉ་མཚོ་དགོན་པ་ནི་རྒྱལ་ས་ལྷ་སའི་དབུས་པོ་ཏ་ལ་མཛེས་པར་འགྱིང་པ་བཞིན་རྟའུ་རུས་རྙེད་གྲོང་འཁྱེར་གྱི་དབུས་སུ་ལྷང་ངེར་བཞེངས་ཤིང་སྐལ་ལྡན་དད་པ་ཅན་གྱི་མཐོང་གྲོལ་བགོ་སྐལ་ལྟ་བུར་གནས་ཤིང་མཛེས་པར་ཆགས། ཤར་ལྷོའི་མཚམས་སུ་རྒྱལ་བ་ཡབ་སྲས་ཟུང་གིས་བྱིན་རྟེན་དང་གཟུངས་ཞུགས་འབུལ་ཞིང་བྱིན་གྱིས་བརླབས་པའི་རྟའུ་རྣམ་རྒྱལ་མཆོད་རྟེན་ཞེས་མཐོ་ཚད་ཐོག་བརྩེགས་བཅུ་གསུམ་ཙམ་ཡོད་པ་དེའང་ལྷ་ས་ཇོ་ཁང་ངམ་གཙུག་ལག་ཁང་གི་རྣམ་པ་ལྟ་བུ་ཕྱག་སྐོར་བྱེད་མཁན་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཧ་ཅང་མང་ལ། ལྷག་པར་དུ་མཆོད་རྟེན་རིན་པོ་ཆེའི་མཐར་ཁང་པ་གསར་རྒྱག་གིས་དུ་ཚང་ཡང་ཇེ་མང་ཇེ་མང་འགྲོ་བཞིན་པ་ལ་བལྟས་ན་མ་འོངས་པར་ཚོང་ཁྲོམ་ཡང་ཇེ་རྒྱས་ཇེ་དར་དུ་འགྲོ་ནས་རྒྱལ་ས་ལྷ་སའི་རྣམ་པ་ལྟ་བུ་ཆགས་ངེས་ལ། ལུང་པའི་ཆགས་དབྱིབས་ཀྱང་གངས་རིའི་ར་བས་མཐར་ཡོངས་སུ་སྐོར་ཞིང་དབུས་སུ་གྲོང་འཁྱེར་ཡོད་པ་ཤིན་ཏུ་འདྲ་ཡང་། སྤང་རི་དང་ནགས་རི་མང་ཞིང་རྩྭ་ཆུ་བཟང་བ་ཞིང་ས་བཟང་བ་ཐོན་ཁུངས་ཡག་བ་སོགས་ནི་ལུང་པ་གཞན་ལ་མེད་པའི་ལྷག་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཡིན་ནོ།།
བློན་ཆེན་མགར་གྱིས་འགྲོ་ལམ་བརྟག་པའི་ཚེ།།
ས་ཡི་དབྱིབས་དང་མིང་ཟུར་ལ་གཟིགས་ནས།།
རྟ་ཡི་ཁོག་པ་འདྲ་ཞེས་གསུངས་པའི་རྗེས།།
ལུང་པའི་མིང་གི་ས་བོན་དེ་ནས་གྲུབ།།
གངས་དཀར་རི་ལས་རྔོན་པའི་བུས།།
རྟེ་འུ་དེད་དང་རྟེའུ་དབྱིབས་འདྲ།།
དེ་ལྟར་ཤོད་ཚུལ་རབ་མང་ཡང་།།
ཡིད་བརྟོན་དཀའ་བའི་གནས་སུ་ལྷུང་།།
རྟ་རྣ་རི་ཡི་ཕར་རྒྱབ་ན།།
འུ་ཞེས་བརྗོད་མཁན་ལུང་པ་ལ།།
རྒྱལ་རོང་བ་ཡིས་བཏགས་ཞེས་པ།།
ཁོ་བོས་བཤད་པའང་རྒྱུ་མཚན་ཡོད།།