ངའི་རེ་སྒུག་མྱོང་བའི་ཁམས་པའི་བརྙན་འཕྲིན།

འོན་ཀྱང་ང་ལ་མཚོན་ན་ཅི་ཡང་སྒྲུབ་མི་ཐུབ་པའི་ནུས་མེད་ཞིག་ཡིན་ཡང་། ངས་སེམས་སྟེང་གི་གྲོགས་པོ་ཚོར་རྨི་ལམ་དེ་ཐེངས་མང་བཤད་མྱོང་བའི་དེ་རིང་གི་ཁམས་པའི་བོད་སྐད་བརྙན་འཕྲིན་བཤད་སའི་ཁོར་ཡུག་གསར་བསྐྲུན་ལེགས་འགྲུབ་བྱུང་ཡོད་པ་འདི་རེད། འདི་ནི་ལོ་ངོ་གཅིག་རིང་ལ་གྲ་སྒྲིག་དང་ཚོད་ལྟ་བྱེད་བཞིན་ཡོད་པ་ཉེ་སྔོན་བརྙན་འཕྲིན་སོགས་གསར་ལམ་ཁག་གཅིག་ནས་གསལ་ལ་མི་གསལ་བའི་བརྗོད་དོན་འདིའི་སྐོར་ཏོག་ཙམ་གོ་ཐོས་བྱུང་། སྤྱིར་བཏང་འདི་ནི་རྒྱ་གཞུང་གིས་དྲིལ་བསྒྲགས་རྫུན་མ་དང་འཛམ་གླིང་མགོ་སྐོར་གཏོང་སའི་གར་སྟེགས་ཞིག་གི་ཆེད་དུ་འདི་ལྟར་ཐོང་མཆན་དང་གཞོགས་འདེགས་ཞུ་བཀོད་བྱས་ཡོད་སྲིད་ཀྱང་། རྐྱེན་ངན་གྲོགས་ཤར་གྱི་དཔེ་ལྟར་ང་ཚོ་ལ་མཚོན་ན་ཅི་ཞིག་མ་ཚང་བའི་ལྟོང་ཆ་ཆེན་པོ་ཞིག་ཁ་སྐོང་ཐུབ་པར་ངོས་འཛིན་ཞུ་གི་ཡོད། གང་ལྟར་དེ་རིང་ངའི་རྨི་ལམ་གྱི་ཆ་ཤས་ཤིག་མངོན་གྱུར་བྱེད་ཐུབ་སོང་། ད་དུང་ལས་གཞི་འདིའི་རྒྱ་ཁྱོན་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་ལ། དེ་ནི་ང་ཚོ་ལ་ཧ་ཅང་དགོས་མཁོ་ཆེ་ཞིང་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་འདི་ནི་ཁྱོད་དང་ངའི་གཅེས་ཉར་དང་བདག་སྲུང་ངེས་ཅན་ཞིག་བྱེད་ཐུབ་ལ་འབད་རྩོན་ཡང་གནང་རིན་དངགནང་འོས་ཡོད་པའི་ཕ་ནོར་དག་མ་སྟེ་དུས་རབས་ཀྱི་དགོས་མཁོ་དང་འཚམས་ཞིང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྟོང་ཆ་ཆེ་བའི་ངེད་ཅག་གི་ཕ་སྐད་དག་མ་ཞིག་བཤད་གཏོང་ཐུབ་པའི་གོམ་སྟབས་རིམ་བཞིན་ལེན་དགོས་པ་དང་། ལྷག་པར་ང་ཤི་ཁྱོད་གསོན་དང་ང་ཕམ་ཁྱོད་རྒྱལ་གྱི་དུས་སྐབས་འདིར་རྗེས་ལུས་སུ་མི་སྡོད་པར་པར་གཤིབ་བསྡུར་ལམ་ལུགས་ཀྱི་གོ་རིམ་ཁྲོད་མཉམ་ཞུག་བྱེད་ཐུབ་ཐབས་ལ་འབད་རྩོན་བྱེད་རྒྱུའི་གནས་དུས་ཤིག་ལ་བབ་ཀྱི་ཡོད་པ་ལས།

དེ་རིང་གི་ལེ་ཚན་བཀོད་སྒྲིག་དང་ནང་དོན་ལུགས་དང་མཐུན་མིན་དེ་བཞིན་གསར་འགྱུར་མཉམ་སྒྲོག་སོགས་འགྲིག་མིན་གྱི་གནད་དོན་གཙོ་བོ་མིན་ལ།ཁམས་རིགས་གནས་སྡོད་བྱེད་ཡུལ་གྱི་ས་ཁུལ་ཏུ་རླུང་འཕྲིན་དང་བརྙན་འཕྲིན་སོགས་སུ་ཁམས་སྐད་ཁྱབས་བདལ་ཏུ་འགྲོ་རྒྱུ་དེ་རེད།གཞན་ཕྲན་ཚགས་དེ་ཚོ་རིམ་པའི་ཡར་རྒྱུས་སུ་འགྲོ་རྒྱུ་ཡོད་པ་དངོས་པོའི་ཆོས་ཉིད་དུ་གྲུབ་འདུག