འབར་མའི་དམག་སྤྱི་ཆོས་ཀྱི་མཛད་སྒོར་ཞུགས་འདུག
དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཨི་པཱོ་ཁཱི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འབར་མིའི་གཞུང་དེ་དམག་གཞུང་དབང་འཛིན་པའི་མངའ་འོག་ཏུ་ཤོར་ནས་ལོ་བཅུ་ཕྲག་གཅིག་ཡོལ་ཟིན་པ་དང། ཉེ་དུས་འབར་མའི་དགེ་འདུན་པ་སྟོང་ཕྲག་མང་པོས་སྣེ་ཁྲིད་ནས། མང་གཙོའི་ཚོགས་པ་སོགས་ཀྱིས་དམག་གཞུང་ལ་ཞི་བའི་གྱེན་ལངས་ཆེན་པོ་བྱེད་སྐབས། འཛམ་གླིང་གི་རྒྱལ་ཁབ་མང་པོས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། འབར་མའི་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ཡོད་པ་དང། དེ་བཞིན་འབར་མའི་ཡུལ་དུ་ཆུ་ལོག་ཆེན་པོ་བྱུང་སྐབས། ཕྱི་ལོག་གི་རོགས་རམས་ཡོངས་རྫོགས་བཀའ་འགོག་བྱས་ནས། འབར་མའི་མི་སེར་ཁྲི་ཚོ་བརྒལ་བ་བཀྲེས་ལྟོགས་དང་ནད་ཡམས་ཀྱིས་རྐྱེན་ལམ་དུ་སོང་ཡོད་པ་རེད།
ད་ཐེངས་ཀྱི་ཆོས་ལུགས་མཛད་སྒོའི་ཐོག་འབར་མའི་དམག་སྤྱི་ཆེན་མོས། གླང་ཆེན་དཀར་པོ་ཞིག་ཞོན་ནས་འཛུལ་ཞུགས་བྱས་པ་དེ། ཡུལ་དེ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བརྒྱུད་ལམ་དུ་ཁྱབ་བསྒྲགས་དང། བགྲོ་གླེང་ཤུགས་ཆེན་བྱས་ཡོད་པ་རེད། ལ་ལས་སྔོན་དུས་འབར་མ་རྒྱལ་པོའི་རིང་ལུགས་འོག་ཡོད་པའི་སྐབས། རྒྱལ་པོ་ཚོས་རང་ཉིད་ཀྱི་སྟོབས་ཤུགས་ངོམ་ཆེད་དུ་གླང་ཆེན་ཞོན་ནས། ཡུལ་སྐོར་དང་ཆོས་ལུགས་ཀྱི་མཛད་སྒོའི་ནང་ཞུགས་སྲོལ་ཡོད་པ་བཞིན། ད་ཐེངས་དམག་སྤྱི་འདིས་ཀྱང་སྟོབས་ཤུགས་ངོམ་གྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།
ཡང་ལ་ལས་སྟོན་པ་བཅོམ་ལྡན་འདས་འཁྲུངས་པའི་སྐབས། གླང་ཆེན་ཐོད་དཀར་ཡུམ་གྱི་གཟིམ་ལམ་དུ་བྱུང་བ་སོགས། གླང་ཆེན་དཀར་པོ་ཆོས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་ཚུལ་ཡང་བརྗོད་བཞིན་ཡོད་པ་རེད། གང་ལྟར་གྲྭ་བཙུན་དང་མང་གཙོ་དོན་གཉེར་བ། ཆབ་སྲིད་བཙོན་པ་སོགས་དགྲ་རུ་འཛིན་བཞིན་པའི་འབར་མའི་དམག་སྤྱི་ཆེན་མོའི་བྱ་སྤྱོད་འདིར། མི་རྣམས་ཀྱིས་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།།
{jcomments on}