ཁམས་ལི་ཐང་དུ་བོད་དོན་ཆེད་ཞི་བའི་ངོ་རྒོལ།

དེ་ཡང་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༠ ཟླ་༨ ཚེས་༡༢ ཉིན་གྱི་སྔ་དྲོ་ཁམས་ལི་ཐང་གི་རྫོང་དུ་ལི་ཐང་དགོན་ཆེན་གྱི་གྲྭ་པ་གཉིས་ཀྱིས་ཕྱག་ཏུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་དང་། ནང་པའི་ཆོས་དར་ཞིག་བསྣམས་ནས་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་ཞི་བའི་སྐད་འབོད་རྒྱག་བཞིན། ལི་ཐང་རྫོང་གི་རླངས་འཁོར་འབབ་ཚིགས་ནས་ཉེན་རྟོག་ལས་ཁུངས་ཀྱི་བར་དུ་ཞི་བའི་སྐད་འབོད་དང་ཞི་བའི་གོམ་བགྲོད་བྱས་ནས་བསྐྱོད་པའི་སྐབས་ཁྲོམ་ལམ་གཡས་གཡོན་གྱི་མི་མང་གང་མང་མཉམ་ཞུགས་བྱས་ཡོད་པ་དང་། ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་སླེབས་པའི་སྐབས་མི་ཧ་ཅང་མང་པོ་འཛོམས་ནས་གྲྭ་པ་གཉིས་ཀྱིས་གཙོས་མི་མང་སུ་གཅིག་འཛིན་བཟུང་བྱེད་ཐུབ་མེད་པ་རེད། འོན་ཀྱང་ལི་ཐང་རྫོང་གི་ཁྲོམ་ལམ་ཀུན་ཏུ་གསང་བའི་པར་ལེན་འཕྲུལ་ཆས་ཧ་ཅང་མང་པོ་བཙུགས་ཡོད་པས། ཉིན་ཤས་ནས་ལས་འགུལ་དེའི་སྣེ་ཁྲིད་མཁན་གཙོ་བོ་སུ་དང་སུ་ཡིན་མིན་དབྱེ་ཞིབ་ཀྱིས་རིམ་བཞིན་བོད་མི་མང་གང་ཞིག་འཛིན་བཟུང་བྱེད་སྲིད་ཚུལ་ཡང་གནས་ཚུལ་མཁོ་སྤྲོད་པས་ངོ་སྤྲོད་གནང་སོང་། ཞི་རྒོལ་དེ་ནི་དཔའ་བོ་རུང་རྒྱས་ཨ་གྲགས་ཀྱིས་ཞི་རྒོལ་བྱས་པ་དང་། ཁོང་འཛིན་བཟུང་བྱས་ནས་ལོ་ཧྲིལ་པོ་གསུམ་དང་ཉིན་བཅུ་ཙམ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།།{jcomments on}