དུས་རབས་ཉེར་གཅིག་པའི་བོད་མི།
དེ་རིང་ཡང་བསྐྱར་གླེང་ལྟ་བུ་ཞིག་ཆགས་ཡོད་ཀྱང་། ངས་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཐོག་མར་རང་གི་སྐད་ཡི་གེ་གཉིས་ཤེས་དགོས་པ་མ་ཟད། ཞོར་དུ་འཛམ་གླིང་གཞན་དག་ནང་རང་ཉིད་གང་དུ་འདུས་བསྡོད་བྱེད་ས་དེ་ཡི་སྐད་རིགས་ལ་སྤྱངས་པ་དང་དགའ་ཞེན་དང་གུས་བརྩི་བྱེད་རུང་བ་ཡིན་ལ། བྱེད་ཀྱང་དགོས་ཀྱི་ཡོད། དེ་མིན་ད་ལྟའི་འཆར་ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་སྤྲང་ཤ་སྟག་ཡིན་ལ། ནམ་ཞིག་གི་བར་དུ་རང་ཡུལ་དུ་ལོག་རེག་བར་དུ་དེ་ལ་བསྟུན་ནས་གནས་ཁུལ་དེ་ནས་འཚོ་བ་བསྐྱེལ་དགོས་ཀྱི་ཡོད། འོ་རེད། དེང་སང་ཁ་ཤས་ལ་མི་རིགས་ཀྱི་བསམ་བློ་མེད་པ་དང་མི་རིགས་ཀྱི་འདུ་ཤེས་མེད་པ། རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་མ་གཏོགས། མེས་པོ་དང་རང་གི་ཡབ་མེས་དག་གི་ཤུལ་རྗེས་ལ་འགན་ལེན་བྱེད་འདོད་མེད་པ་ཆེས་མང་བོ་ཞིག་བྱུང་དེ་འོང་གི་འདུག དེ་དག་གི་རིགས་ལ་མི་འདོད་ཀྱང་བཙན་པོ་བྱེད་པའི་བདག་དབང་དང་ཐོབ་ཐང་དེ་ནི་ང་རང་ལ་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད་སྟབས། མི་དེ་ཡི་རིགས་ཀྱི་ངས་སྐད་ཆ་འདི་སྣང་མེད་ངང་གད་སྙིགས་ཁྲོད་དུ་གཡུགས་རྐྱང་བྱེད་ངེས་ཡིན་ལ། བྱས་ཀྱང་དེ་དག་ལ་ངས་ལེ་བདའ་ཇི་ལྟར་བྱེད། གལ་སྲིད། ལེ་བདའ་བྱེད་མཁན་ཞིག་ཡོད་པས་དབང་དུ་བཏང་ན། དེ་ནི་ཁོང་ཚོའི་ཡབ་མེས་དང་ཤུལ་འཛིན་པ་དག་ཡིན་སྲིད་པ་ཡིན།
ང་ཚོས་དུས་རབས་ཉེར་གཅིག་པའི་ཁྲོད་དུ་མི་རིགས་རང་ལུགས་ཀྱི་ལྟ་བ་བཟུང་དེ་ཁེར་རྐྱང་དུ་འབུད་མི་རུང་བ་ཟེར་མཁན་ཡང་ཏན་ཏན་ཡོད་ངེས་ཡིན། དེ་ཡི་སྐོར་ལ་ཁྱེད་ཅག་གི་བསམ་བློ་ཞིབ་དུ་གཏོང་རོགས་ཞུ། འུ་ཅག་གིས་རང་གི་མེས་པོ་དག་གི་ཞབས་རྗེས་ནག་གསུབ་མི་གཏོང་ཆེད་དུ་བདེན་པའི་ཆེད་དུ་མི་རིགས་ཤིག་གི་འཆི་གསོན་ལ་འགན་ལེན་བྱེད་ཀྱི་ཡོད་པ་ལས། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་གཏིང་རིམ་ནས་མི་རིགས་རང་ལུགས་ཟེར་བ་དེ་ནི་དུས་ནམ་ཡང་རྩོད་ཀྱི་མེད་ལ། མི་རིགས་གཞན་གྱིས་དེ་ལྟར་བྱེད་པ་དེར་རྗེས་སུ་ཡི་རུང་ཡང་གཏན་ནས་བྱེད་དགོས་དོན་མེད། འུ་ཅག་གིས་རང་གི་རིགས་ཀྱི་ཞེན་པ་འདི་ལ་བདེན་པ་ཡོད་པ་དང་། མི་རིགས་འདི་འཛམ་གླིང་འདིར་གནས་པ་ལ་དོན་སྙིང་ལྡན་པ། མི་རིགས་འདིའི་སྐད་ཡིག་ལ་རིན་ཐང་ཡོད་པ་བཅས་ཀྱི་བདེན་པ་ལ་རྒྱབ་བརྟེན་བྱོས་དེ། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་ཡིན་ལ། དུས་རབས་ཉེར་གཅིག་པའི་ནང་དུ་ཡང་བོད་ཟེར་བའི་མི་རིགས་འདིའི་ད་དུང་ཡང་དུས་རབས་བཅུ་དགུ་ཉི་ཤུའི་ནང་གི་གཉའ་གནོན་རང་ལུགས་ཀྱི་སྲིད་གཞུང་དེ་འདྲ་ལ་འགོ་སྒུར་ནས་འདུག་དགོས་དོན་མེད་པ་དེ་འཛམ་གླིང་མི་དམངས་ལ་བདེན་དབུང་བྱེད་ཀྱི་ཡོད་པ་དེ་ཡིན་པ་ལས། ཕྱོགས་རུས་རང་ལུགས་ཀྱི་མི་རིགས་རང་ལུགས་ཤིག་གཏན་ནས་རྩོད་ཀྱི་མེད་ལ། རྩོད་དགོས་དོན་ཡང་མེད། ད་དུང་། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་གི་དངོས་ནས་བཤད་པ་ཡིན་ན། གཏན་ནས་ཡིག་རྨོངས་ཡིན་མི་རུང་བ་དང་། དེ་ཡང་རང་གི་སྐད་ཡིག་ལས་ལྷག་དུ་རྨོངས་པ་ཆགས་མི་རུང་བ་དེ་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་རྒྱུའི་འོས་འགན་དང་བོ་དེ་ཡིན།
ལྷག་པར་དུ། དེང་སང་ཁ་ཤས་ཀྱི་རང་གི་བློ་ངོར་ཇི་ཤར་བདེན་དུ་སྣང་དེ། སྐད་ཡིག་གི་རིན་ཐང་མི་གླེང་བར་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་དུ། རང་རྒྱལ་གཞན་ཕམ་གྱི་རྩ་དོན་ཁོ་ན་ཞིག་གླེང་དེ་འོང་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་སྐྱོབས་པའི་ཐབས་ལམ་ལས་དུས་རབས་ཉེར་གཅིག་པའི་བོད་མི་དག་འཆི་ལམ་དུ་འདེད་བྱེད་ཡིན་མིན་དེ་ཡི་ཐད་དུ། དུས་རབས་ཉེར་གཅིག་པའི་བོད་མི་བྱེད་འདོད་ཡོད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གི་བགློ་གླེང་བྱེད་པ་ནས་རང་ཐོག་ནས་འགོ་བརྩམས་ཟིན་པ་དག་ལ་རྗེས་སུ་ཡི་རུང་། མ་བརྩམས་པ་དག་གིས་བརྩམས་རྒྱུ་དང་། བརྩམས་མྱོང་མེད་པ་དང་བརྩམས་འདོད་མེད་པ་དག་ལ་རེ་སྐུལ་བཅས། དེ་རིང་འདི་ཙམ་གྱི་བསམ་ཚུལ་ཐུང་ཐུང་འདི་ཕུལ་བ་ཡིན།