དྭོགས་དཔྱོད་ཀྱི་དྭོགས་ལ་ཝ་ཟུར་ཡོད་དམ།
གང་ལྟར་ཝ་ཟུར་སྦྱོར་བའི་དགོས་པ་ནི། ཡིག་གཟུགས་གཅིག་པའི་ཚིག་རྣམས་མ་ནོར་བའི་དོན་དུ་སྟེ། སྨྲ་བའི་ཁ་དང་བྱ་ཁྭ་ཏ་གཉིས་མ་ནོར་བའི་ཆེད་དུ་ཁྭ་ཏ་ལ་ཝ་ཟུར་ བྲིས་པ་སོགས་ཀྱིས་མཚོན་པའི་ཝ་ཟུར་བྲིས་ས་མང་དག་ཅིག་ཡོད་པར་སྣང་། དེ་དག་ལས་འགའ་ཤས་ནི་ཝ་ཟུར་སྦྱོར་བས་ཕན་ཚུན་མ་ནོར་བའི་ཁྱད་པར་ཆེན་པོ་ཡོད་པས་ལེགས་པར་མཐོང་། འོན་ཏེ་ཁ་ཤས་ནི་གཅིག་གིས་ཝ་ཟུར་སྦྱོར་བས་ཀུན་གྱིས་དཔྱད་པ་མ་བྱས་པར་རྒྱུན་འབྱམས་སུ་ཕྱིན་པའང་སྣང་།
འདིར་དྭོགས་དཔྱོད་ཅེས་པའི་དྭོགས་ལ་ཝ་ཟུར་དགོས་མིན་གྱི་ཐད་སྔོན་མར་ཁོ་བོ་བློ་གསལ་གླིང་སློབ་གྲྭར་འགྲིམས་སྐབས་ནས་དྭོགས་པ་ཤར་མྱོང་ཞིང་། དེ་དུས་ཁོ་བོ་ཝ་ཟུར་མི་འབྲི་མཁན་གྱི་གྲས་ཡིན། ལ་དྭགས་ལྟ་བུའི་དྭགས་ལ་ཝ་ཟུར་མ་བྲིས་ན་༼དགས་༽དང་ནོར་ཉེན་ཡོད་ལ། དྭོགས་དཔྱོད་ལ་ཝ་ཟུར་མ་བྲིས་ན་ཡང་ཚིག་གཞན་དང་འཁྲུལ་བའི་ཉེན་ཁ་མེད་པས་ཝ་ཟུར་འབྲི་དགོས་དོན་མི་འདུག་སྙམ་གྱི་ཡོད།
ཉེ་དུས་ཡིག་རྙིང་ཁག་ལ་ཞིབ་འཇུག་གིས་དཔྱད་པ་རོབ་ཙམ་བྱས་པས་བསམ་བློའི་འཆར་སྒོ་འདི་ལྟར་བྱུང་། དྭོགས་དཔྱོད་ཅེས་པ་འདི་དབུ་ཅན་ཐོག་འབྲི་ན་དེ་ཙམ་ནོར་ཉེན་ མེད་ན་ཡང་དབུ་མེད་ཐོག་འབྲི་ཚེ་འདི་ལྟར།
དོགས་དོགས་ཞེས་པ་དང་དགོས་དགོས་ཞེས་པ་གཉིས་ནོར་ཉེན་ཆེ་བས་དྭོགས་དཔྱོད་ཀྱི་དྭོགས་ལ་ཝ་ཟུར་སྦྱོར་ཏེ། ༼དྭོགས་༽ཞེས་ བྲིས་ན་ནོར་ཉེན་མེད་པས་ལེགས་པར་སེམས། རྒྱུ་མཚན་ནི་ཝ་ཟུར་ཅན་གྱི་ཚིག་འབྲུའི་སྔོན་དུ་སྔོན་འཇུག་ནམ་ཡང་མི་ཐོབ་པས་སོ། དེ་མིན་དབུ་ཅན་ཐོག་འབྲི་སྐབས་ཝ་ཟུར་མེད་པ་དང་དབུ་མེད་ཐོག་འབྲི་དུས་ཝ་ཟུར་འབྲི་དགོས་པ་སོགས་བྱུང་ན་མི་ལེགས་པར་སེམས། འདིར་དྭོགས་སློང་ཙམ་ཞུས་པས་དཔྱོད་ལྡན་རྣམས་ཀྱིས་འདིའི་ཐོག་སོ་སོའི་དགོངས་འཆར་མང་ཙམ་གནང་སྐྱོང་ཡོང་བ་ཞུ།
ཞེས་བོད་ཀྱི་སྐད་ཡིག་ཁྲིམས་ཁང་ནས།