རྒྱལ་གཅེས་དཔའ་བོར་ལྷག་དཀར་གཟེངས་རྟགས་ཕུལ་བ།
ལྷག་དཀར་ཞེས་པ་ནི་ཕྱི་ལོ་༢༠༠༨ ལོའི་རྗེས་སུ་བོད་ཀྱི་ས་ཆ་གང་ས་ནས་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན་པ་རེད། དེ་ནི་གཟའ་ལྷག་པ་ནམ་ཡིན་ལ་བོད་སྐད་གཙང་མ་རྒྱག་རྒྱུ་དང། བོད་གོས་གྱོན་པ། བོད་ཟས་ཟ་བ། ཅ་ལག་ཉོ་དུས་བོད་པའི་ཚོང་ཁང་དུ་འགྲོ་བ་སོགས་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་ལས་འགུལ་ཞིག་དང། གཞན་ཡང་རྒྱ་མིའི་མཉམ་དུ་འབྲེལ་བ་མི་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་དེ་ལ་ལྷག་དཀར་ཞེས་བརྗོད་ཀྱི་ཡོད་པ་རེད། གཞན་ཡང་ལྷག་དཀར་གྱི་གཟེངས་རྟགས་གཅིག་ནི་ནིའུ་ཡོག་ཏུ་གནས་སྡོད་བསྟན་འཛིན་དབང་རྒྱལ་ལགས་སུ་ཕུལ་ཡོད་པ་དང། ཁོང་གིས་དེ་སྔོན་ནས་བོད་པའི་སློབ་མ་རྣམས་ལ་གཟའ་ཉི་མ་དུས་སུ་བོད་ཡིག་དང་བོད་པའི་རོལ་དབྱངས་སློབ་ཁྲིད་ནས་ཕན་ཐོགས་མི་དམན་པ་བྱུང་བའི་རྒྱུ་མཚན་གྱིས་གཟེངས་རྟགས་དེ་ཕུལ་བ་རེད་འདུག
ལས་འགུལ་འགུལ་དེ་ནི་བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་གྱི་གཞོན་སྐྱེས་མང་པོ་ཞིག་གིས་དང་བླངས་ཀྱིས་སྤེལ་བ་ཞིག་ཡིན་པ་དང། དེ་བཞིན་ལོ་གཉིས་ཙམ་གྱི་ནང་དུ་ལྷག་དཀར་གྱི་དམ་བཅའ་འཇོག་མཁན་ཡང་མང་པོ་བྱུང་ཡོད་པ་རེད། སྤྱིར་ལས་འགུལ་འདི་ལྟ་བུ་ནི་དེ་སྔོན་རྒྱ་གར་དང་ལྷོ་ཨ་ཧྥི་རི་ཁ་སོགས་ཀྱི་རང་བཙན་འཐབ་རྩོད་སྐབས་སུ་སྤེལ་མྱོང་ཡོད་པའི་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་ཞེས་པ་དེ་དང་འདྲ་པོ་ཡོད་པ་ཞིག་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་མི་ཚོས་ཀྱང་ལས་འགུལ་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་ལྷག་དཀར་གྱི་དམ་བཅའ་ལེན་རྒྱུའང་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དཔེར་ན། དྷ་སར་ཡོད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་ཀྱིས་གཟའ་ལྷག་པ་ནམ་ཡིན་ལ་བོད་པའི་གྱོན་ཆས་གྱོན་པའི་ལུགས་སྲོལ་ཞིག་གསར་གཏོད་བྱས་པ་དེས་མི་རབས་གསར་པ་རྣམས་ལ་རིག་གཞུང་གི་བག་ཆགས་ཟབ་མོ་འཇོག་ཐུབ་པའི་དགེ་མཚན་ཡོད་པ་རེད།།
{jcomments on}