ཁམས་པའི་རྣམ་བཤད།

༢༢༽ ཨ་རོགས་ཁམས་པ་སྤྲོ་བོ་དགའ་ཟེར།།

སྤྲོ་བོ་ཀྲོག་ཀྲོག་ནོར་གྲབས་བྱེད་ཀྱི།།

ཀྲོག་ཀྲོག་རླུང་བུ་ཁོག་ལ་ཞུགས་ཏེ།།

རང་རྐུབ་ནག་པོ་མི་ལ་བསྟན་སོང་།།


༢༣༽ ཨ་རོགས་ཁམས་པ་ཁ་ཐུག་དགའ་ཟེར།།

ཁ་ཐུག་ལག་བཏུག་ནོར་གྲབས་བྱེད་ཀྱི།།

ལག་སྔ་ཆེ་བའི་གཏུམ་སྤྱོད་རེ་རེས།།

རང་ཡང་ཉེས་པའི་དོང་ལ་འཕངས་སོང་།།


༢༤༽ ཨ་རོགས་ཁམས་པ་བློ་གཏད་དགའ་ཟེར།།

བློ་གཏད་ཆུས་གཏད་ནོར་གྲབས་བྱེད་ཀྱི།།

རང་ཆུས་གཏད་པའི་འཇུག་འབྲས་རེ་རེས།།

སྒལ་བའི་སྟེང་ལ་སྡུག་གྱོང་ཕབ་སོང་།།


༢༥༽ ཨ་རོགས་ཁམས་པ་རིག་རྩལ་དགའ་ཟེར།།

རིག་རྩལ་རླིག་རྩ་ནོར་གྲབས་བྱེད་ཀྱི།།

རླིག་རྩ་རྒོད་པའི་རྗེས་ཤུལ་རེ་རེས།།

ཕ་དགུའི་བུ་དགུ་མ་ལ་གཏད་སོང་།།


༢༦༽ ཨ་རོགས་ཁམས་པ་སྐྱིད་པོ་དགའ་ཟེར།།

སྐྱིད་པོ་སྐྱོ་བོ་ནོར་གྲབས་བྱེད་ཀྱི།།

སྐྱོ་བའི་མི་ཚེ་རྗེས་ལ་བསྐྱུར་ནས།།

ཧ་སྒྲའི་གླུ་དབྱངས་སྔོན་ལ་བཏང་སོང་།།


༢༧༽ ཨ་རོགས་ཁམས་པ་རྩམ་བར་དགའ་ཟེར།།

རྩམ་པ་གཙོག་པ་ནོར་གྲབས་བྱེད་ཀྱི།།

གཙོག་པའི་ཤ་ལ་འདོད་ཅིང་རྔམས་ཏེ།།

གསོན་པོའི་ཟོག་ལ་ཚོ་མིན་བཤད་བྱུང་།།


༢༨ ཨ་རོགས་ཁམས་པ་བོད་ལ་དགའ་ཟེར།།

བོད་དང་བར་ཆད་ནོར་གྲབས་བྱེད་ཀྱི།།

བར་ཆད་ངན་པའི་རྙི་ལ་ཚུད་ནས།།

ཁ་གཏད་དགའ་བའི་སིལ་བུ་གྱེས་སོང་།།


༢༩ ཨ་རོགས་ཁམས་པ་བོད་ཆས་དགའ་ཟེར།།

བོད་ཆས་བག་མ་ནོར་གྲབས་བྱེད་ཀྱི།།

བག་མ་འགྲོ་རྒྱུར་རྩིས་ཆེན་བཟུང་སྟེ།།

བོང་བུ་བཞིན་དུ་སྒོ་རྩར་ལུས་སོང་།།


༣༠ ཨ་རོགས་ཁམས་པ་བརྩི་བཀུར་དགའ་ཟེར།།

བརྩི་བཀུར་རྩིང་བོ་ནོར་གྲབས་བྱེད་ཀྱི།།

རྩིང་བོའི་ཚིག་གི་གོམས་སྲོལ་འོག་ནས།།

ཐོབ་ཆེན་དཔོན་གྱི་ཁྲོ་གཉེར་ཉོས་སོང་།།


༣༡ ཨ་རོགས་ཁམས་པ་བསམ་ཤེས་དགའ་ཟེར།།

བསམ་ཤེས་བསམ་མེད་ནོར་གྲབས་བྱེད་ཀྱི།།

བསམ་མེད་བྱུས་ཀྱི་ཞགས་པའི་ནང་ནས།།

སུན་སྣང་མེ་ཚེ་སྔས་མགོར་རག་སོང་།།


༣༢ ཨ་རོགས་ཁམས་པ་ལྷག་བསམ་དགའ་ཟེར།།

ལག་བསམ་སྟོང་བསམ་ནོར་གྲབས་བྱེད་ཀྱི།།

སྟོང་བསམ་ཕྲག་དོག་རྒན་པོས་བྱས་ནས།།

ལྷད་མེད་སེམས་པ་གཏེར་ལ་སྦས་སོང་།།


༣༣ ཨ་རོགས་ཁམས་པ་འཇོན་པོ་དགའ་ཟེར།།

འཇོན་བོ་གཟན་བོ་ནོར་གྲབས་བྱེད་ཀྱི།།

གཟན་བོའི་ཀི་སྒྲ་གནམ་ལ་བཏབས་ཏེ།།

འཇོན་ཐང་ཞག་མ་གསུམ་ནང་རུལ་སོང་།།


༣༤ ཨ་རོགས་ཁམས་པ་གྲུང་བོ་དགའ་ཟེར།།

གྲུང་བོ་དྲོན་བོ་ནོར་གྲབས་བྱེད་ཀྱི།།

དྲོན་ཆུང་མེད་པའི་ངང་ཐུང་རེ་རེས།།

ད་རུང་འགྲུལ་བ་བཞིན་དུ་ལུས་འདུག།


༣༥ ཨ་རོགས་ཁམས་པ་སྤྱི་དོན་དགའ་ཟེར།།

སྤྱི་དོན་སྐྱོན་འདོན་ནོར་གྲབས་བྱེད་ཀྱི།།

སྐྱོན་བརྗོད་ངན་པའི་ལྕེ་ལེའི་བར་ནས།།

མང་པོའི་བྱ་བ་རུས་པས་བཞེངས་སོང་།།

ཁམས་པའི་རྣམ་བཤད་རེ་ཞིག་རྫོགས་སོ