གནམ་ལྕགས་ཚགས་པར་གྱི་རྩོམ་སྒྲིག་པ་བཞི་འཛིན་བཟུང་།

ཁོང་ཚོ་འཛིན་བཟུང་དགོས་དགོས་དོན་ཚགས་པར་ཐོག་སློབ་མ་ཚོས་མི་རིགས་དབྱེ་འབྱེད་ཡོད་སྐོར་དང། བོད་མི་རིགས་ཀྱི་དཀའ་ངལ། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ལ་རྗེས་དྲན་བྱས་པ་སོགས་ཀྱིས་ཡིན་འདུག
ཀ་ཉག་ཚེ་རིང་གིས་ཟླ་འདིའི་ཚེས་༢༦ ཉིན་གནས་ཚུལ་མཁོད་སྤྲོད་བྱས་པའི་ནང་འཁོད་དོན། གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་བསོད་ནམས་རིན་ཆེན། རང་ལོ་ ༡༩ འབར་ཁམས་མི་རིགས་ མཐོ་འབྲིང་སློབ་གྲྭར་ སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ 2010 ལོའི་མཐར་ཕྱིན་སློབ་མ་ཡིན། ཁོ་བོ་ནི་མདོ་སྨད་ རྔ་བ་ཁུལ་མཛོད་དགེ་རྫོང་བྱམས་མེ་ཡུལ་ཚོའི་དགའ་ཆོམ་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་རིན་རྡོར་དང། མ་མིང་ལ་རྟམ་རྡོ་ཟེར་བ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ལོའི་ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཤིང། རྗེས་སུ་འབར་ཁམས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག། དེང་སྐབས་ས་གནས་གཞན་ཞིག་ཏུ་བསྐྱལ་ཡོད་ཚུལ་ཙམ་ལས་གནས་ཚུལ་གསལ་བོ་ཤེས་རྟོགས་མི་འདུག

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་བསོད་ནམས་དོན་གྲུབ།  རང་ལོ་༡༨ ཁོ་བོ་ནི་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་བྱམས་མེ་ཡུལ་ཚོའི་བུམ་སྐོར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་འབྲུག་མཁར་དང། མ་མིང་ལ་འོ་ཕྲུག་ཟེར་བ་ཡིན། འབར་ཁམས་མི་རིགས་མཐོ་འབྲིང་སློབ་ གྲྭར་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ལོའི་ཟླ ༣ ཚེས་ ༡༧ ཉིན་ རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་ འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་དང། ད་ལྟ་ད་དུང་འབར་ཁམས་སུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་ཡར་རྒྱས། ཁོ་བོ་ནི་མདོ་སྨད་རྔ་བ་ཁུལ་རྔ་པ་རྫོང་གི་ཡིན་ཞིང། འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན། ཁོང་ཕྱི་ལོ་ ༢༠༡༠ ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་བྱེད་མཁན་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པ་དང། རྗེས་སུ་འབར་ཁམས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། དེང་སྐབས་ས་གནས་གཞན་དུ་བསྐྱལ་ཡོད་ཚུལ་ཙམ་ལས་གནས་ཚུལ་གསལ་བོ་ཤེས་རྟོགས་མ་བྱུང།

གནམ་ལྕགས་ཚགས་པར་རྩོམ་སྒྲིག་པ་གྲགས་ལྡན། ཁོ་བོ་ནི་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་གི་ཡིན་པ་དང་། འབར་ཁམས་མི་རིགས་ཆེས་མཐོའི་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༠ ལོའི་མཐར་ཕྱིན་སློབ་མ་ཡིན།  ཁོང་ཕྱི་ལོ་ ༢༠༡༠ ཟླ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་མི་རིགས་ ཁ་བྲལ་རིང་ལུགས་དང་སློབ་མར་ངན་སྐུལ་བྱེད་མཁན་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་ བཟུང་བྱས་པ་དང། ད་ལྟ་ད་དུང་བཀག་ཉར་འོག་ཡོད་པ་ལས་གཞན་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ།
གོང་གསལ་གནམ་ལྕགས་ཚགས་པར་གྱི་རྩོམ་སྒྲིགས་པ་འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་བཞི་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཕྱི་ལོ་ ༢༠༡༠ ཟླ་༣ ཚེས་༡༧ ཉིན་འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭའི་ནང་གི་བོད་རིགས་སློབ་མ་རྣམས་ཀྱིས་ས་བྱི་ལོའི་ཞི་བའི་གསར་བརྗེར་རྗེས་དྲན་གྱི་འདུ་འཛོམས་བྱས་པ་དང་། གནམ་ལྕགས་ཚགས་པར་སྟེང་དུ་དེ་གའི་སློབ་མ་ཚོའི་མི་རིགས་འདྲ་མཉམ་མིན་པ་དང་བོད་ཁུལ་ཡོངས་ལ་རྒྱ་ནག་གཞུང་གིས་གཉའ་གནོན་འདྲ་མིན་སྣ་ཚོགས་བྱས་པར་སྙན་ངག་དང་འབོལ་རྩོམ་སོགས་རྩོམ་ལུས་འདྲ་མིན་གྱི་ལམ་ནས་དགག་སྒྲུབ་དང་ལྟ་ཚུལ་གསང་བོར་བརྗོད་པར་འབྲེལ་བ་ཡོད་འདུག་པ་བཅས། ཕྱི་ལོ 2010 ཟླ་ 8 ཚེས་ 26 ལ་གསར་འགྱུར་མཁོ་སྤྲོད་པ་ཀ་ཉག་ཚེ་རིང་གིས།