དབུ་ཕར་རབ་འབྱམས་པར་སློབ་ཐོན་ཕྱག་ཁྱེར་གནང་བའི་མཛད་སྒོ།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དུ་ཕེབས་པའི་ཚོགས་ཞུགས་སེར་སྐྱ་མི་མང་ཡོངས་རྫོགས་བཅས་ཚོགས་འཛོམས་བྱུང་ཡོད་པ་རེད།

མཛད་སྒོ་དེའི་ཐོག་ཕེབས་པའི་སྐུ་མགྲོན་རྣམས་གདན་ལ་འཁོད་མཚམས་སྤོས་སྣེ་དང་རོལ་དབྱངས་ཀྱི་ཁྲོད་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་དང་། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གདན་ཞུས་ཀྱིས་ཆོས་རིག་བཀའ་བློན་མཆོག་གིས་སྣང་གསལ་ཞལ་དབྱེ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེའི་རྗེས་སུ་སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་གིས་མཛད་སྒོ་དེར་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་། དབུ་མ་དང་ཕར་ཕྱིན་རབ་འབྱམས་པའི་སློབ་ཐོན་པ་རྣམས་ལ་ཕྱག་ཁྱེར་གནང་བའི་མཛད་སྒོ་དེའི་ངོ་སྤྲོད་མདོར་བསྡུས་དང་དབུ་མ་དང་ཕར་ཕྱིན་རབ་འབྱམས་པ་དེ་དག་གི་སློབ་གཉེར་གྱི་དུས་ཡུན་དང་། རྒྱུགས་སྤྲོད་ཀྱི་འགྲོ་སྟངས། རིམ་པ་བཞིན་གཞུང་ཆེན་བཀའ་པོད་ལྔ་ལ་རིགས་གཅིག་རྐང་འཛིན་གྱིས་སློབ་གཉེར་གནང་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ནས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་སྟངས། རྒྱུད་གྲྭ་སྟོད་སྨད་གང་རུང་དུ་ཞུགས་ནས་གསང་ཆེན་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་གཉེར་གྱིས་སྔགས་རམས་པའི་སློབ་གཉེར་གནང་སྟངས་སོགས་ངོ་སྤྲོད་གསུང་བཤད་གནང་། སློབ་གཉེར་རྒན་ལགས་ཀྱིས་བསླབ་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ཀྱི་མཚན་བྱང་སྒྲོགས་སྦྱང་གནང་བཞིན་མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་རེ་རེ་བཞིན་སློབ་ཐོན་ཕྱག་ཁྱེར་གནང་གྲུབ་པའི་རྗེས་སུ། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་མཆོག་གིས་(CBSE)རྒྱལ་ཡོངས་རྒྱུགས་སྤྲོད་ཆེན་མོའི་ནང་གཟེངས་ཐོན་སློབ་ཕྲུག་རྣམས་ཀྱི་མཚན་གཞུང་སྒྲོགས་སྦྱང་གནང་བཞིན་པར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་རེ་རེ་བཞིན་ཕྱག་ཁྱེར་གནང་། གཞན་ཡང་སློབ་གྲྭ་དེའི་ཁོངས་གཏོགས་རྒྱ་ཡིག་རྩེ་ཕུད་ཀྱི་སློབ་ཕྲུག་དང་། བོད་དབྱིན་ཡིག་སྒྱུར་ལ་མཁས་པ་ཁག་ལ་ཕྱག་ཁྱེར་གནང་རྗེས་གནང་རྗེས། གྲྭ་ཚང་དེའི་ཁོངས་གཏོགས་དགེ་འདུན་པ་ཁག་ཅིག་ལ་ཚན་རིག་ལ་ཟབ་སྦྱོང་གནང་བའི་ཕྱག་ཁྱེར་བཅས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བའི་སྐབས་ཐོག་མ་སྦག་ས་ཆོས་སྒར་གྱི་གནས་སྟངས་ནས། བྷེལ་ཀོབ་ཏུ་ཐོག་མ་སེར་བྱེས་གྲྭ་ཚང་གསར་བཞེངས་བྱེད་པའི་སྐབས་ཀྱི་གནས་སྟངས། ད་ལྟའི་ཆར་གྲྭ་དང་སློབ་གཉེར་གྱི་གནས་སྟངས་ཡར་རྒྱས་བློས་དཔོག་དཀའ་བ་བྱུང་བ་སོགས་ལ་བསྔགས་བརྗོད་གནང་བ་དང་། སློབ་སྦྱོང་གནང་ནས་ཕྱག་ཁྱེར་ཐོབ་པ་དང་སྤྱི་ཡོངས་དགེ་འདུན་པ་རྣམས་ཀྱིས་ཐོས་བསམ་སློབ་སྦྱོང་བྱས་པའི་འབྲས་བུ་གཙོ་བོ་དེ་ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་མེད་པ་ཞིག་དགོས་ཚུལ་འཕྲོས་ནས་ལམ་སྟོན་བཀའ་སློབ་གནང་སོང་། ཁྲིམས་བདག་དགེ་བསྐོས་མཆོག་གིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་བའི་སྐབས་གྲྭ་ཚང་གི་སློབ་གཉེར་གནང་སྟངས་ཀྱི་སྲིད་བྱུས་དང་། དཔལ་འབྱོར་གྱི་སྲིད་བྱུས་སོགས་ངོ་སྤྲོད་དང་། ཆབ་སྲིད་ཀྱི་ཐོག་ནས་གྲྭ་ཚང་དེའི་དགེ་འདུན་པ་བརྒྱ་ཆ་༩༩ དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་མཁན་ཡིན་ཚུལ་དང་། མ་འོངས་པར་ཡང་༧གོང་ས་མཆོག་དང་བོད་གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ག་འདྲ་ཞིག་ཏུ་བསྒྱུར་ཡང་སེར་བྱེས་གྲྭ་ཚང་གི་ངོས་ནས་བསྒྱུར་ཆོག་ཆོག་ཡིན་ཚུལ་བཅས་གསུང་བཤད་གནང་ནས་མཛད་སྒོ་གྲུབ་སོང་བ་དང་། མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་ཡོངས་ལ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་དགོང་མོའི་གསོལ་སྟོན་གྲ་རྒྱས་ཤིག་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད།། ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།{jcomments on}