བཀའ་བློན་བུད་མེད་གསུམ་ཡིན་གཅིག་མིན་གཉིས་དགོས་ཀྱི་འདུག

དྲི་བ། ཚོགས་གཙོ་མཆོག་ཁྱེད་རང་བཀའ་ཁྲིའི་འོས་མིའི་ནང་ལངས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ།
ལན། སྔོན་མ་ཟླ་བ་གཉིས་ཙམ་གྱི་སྔོན་ལ་བཅར་འདྲི་ཞིག་བྱུང་སོང་སྟེ་སྐབས་དེར་ཐག་བཅད་མེད། གང་ཡིན་ཟེར་ན། ངས་ང་ལས་ཉམས་མྱོང་དང་སློབ་སྦྱོང་ཆེ་བའི་མི་གཉིས་ལ་བཀའ་ཁྲིར་བཞེངས་རོགས་བྱས་ན་བསམ་ནས་རེ་བ་བརྒྱབ་པ་ཡིན། ད་ཁོང་རྣམ་པ་ཚོ་བཞེངས་ཀྱི་མེད་པར་བརྟེན། ད་རེས་ང་འོས་མིའི་ནང་བསྡད་པ་ཡིན་ན་འགྲིག་ས་རེད་བསམ་སོང་།
དྲི་བ། མི་མང་གི་ངོས་ནས་ཁྱེད་རང་བཀའ་ཁྲིར་འོས་འདེམས་བྱེད་པར་ཡིད་ཆེས་དང་རེ་བ་གཙོ་བོ་གང་གི་སྐོར་ལ་བྱེད་ཆོག་གི་ཡོད།
ལན། སྤྱིར་བཏང་ནས་ད་ལྟ་སྤྱི་ཚོགས་ནང་ལ་འོས་མི་ཁ་ཤས་ཐོན་ཚར་པ་རེད།  དེ་དག་ལ་མི་མང་གིས་རྒྱབ་སྐྱོར་ཡག་པོ་ཡོད་རེད། ངའི་མངོན་འདོད་འདིས་འགྲུབ་ས་རེད་བསམ་པའི་ཐག་གཅོད་ཀྱི་རིམ་དེ་དག་ལ་ཞུ་རྒྱུ་གང་ཡང་མེད། ཡིན་ཡང་ཐག་གཅོད་མ་ཟིན་པ་དེ་འདྲ་ཡོད་པ་ཡིན་ན། ང་ལ་བློ་གཏད་པ་ཡིན་ན་སླུ་བ་གཏོང་གི་མ་རེད་ངས་བསམ་གྱི་འདུག གཙོ་བོ་དེ་སྲིད་བྱུས་ཀྱི་ཐོག་ནས་ངས་འགྱུར་བ་གཏོང་དགོས་པ་གང་ཡང་མཐོང་གི་མེད། ད་ལྟ་བར་དུ་བཙལ་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་གྱི་སྲིད་བྱུས། ཤེས་ཡོན་སྲིད་བྱུས། ཆོས་རིག་ལྷན་ཚོགས། སོ་ནམ་འདེབས་ལས་དང་གཞིས་ཆགས་སྲ་བརྟན་གྱི་སྐོར་ལ་ཡིན་ན། ད་ལྟ་ཉམས་ཞིབ་མང་པོ་ཞིག་བྱས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་ད་ལྟའི་བཀའ་ཤག་གིས་འདས་པའི་ལོ་མང་པོ་ཞིག་གི་ནང་ལ་དཀའ་ལས་བརྒྱབ་པ་དེ། མུ་མཐུད་ནས་མཇུག་སྐྱོང་དགོས་པ་གལ་ཆེན་པོ་ཞིག་མཐོང་བསྡད་ཡོད། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་དང་ཤེས་ཡོན་སྲིད་བྱུས་ལྟ་བུ་ཡིན་ན། སྲིད་བྱུས་དེ་ལག་བསྟར་བྱས་ནས་ལོ་དྲུག་བདུན་ལས་འགྲོ་ཡི་ཡོད་པ་མ་རེད། penpatseringfromsouthདེ་ཚོར་གྲུབ་འབྲས་ཐོན་དང་མ་ཐོན་གྱི་གནས་བབ་ཞིག་ལ་མ་སླེབས་བར་དུ་དཀའ་ལས་རྒྱག་དགོས་པ་རེད་མ་གཏོགས། འདས་པའི་ལོ་མང་པོའི་ནང་དཀའ་ལས་བརྒྱབ་པ་དེ་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་པས། ཡར་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ཡིན། གཉིས་ནས་སྲིད་བྱུས་ཀྱི་ཐོག་ལ་འགྱུར་བ་གང་ཡང་མེད་པ་ཡིན་ན་ཡང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ནམ་རྒྱུན་ང་རང་གི་གཤིས་ཀ་ལ་བསྟུན་ནས། མི་མང་དང་སྤྱི་ཚོགས་ནང་འབྲེལ་བ་མཐོ་དམན་གྱི་དབྱེ་བ་མེད་པ་བྱེད་ཀྱི་ཡོད། ལྷག་པར་དུ་འདས་པའི་ལོ་ལྔ་དྲུག་གི་ནང་རྒྱ་གར་དང་བལ་ཡུལ་གྱི་གཞིས་ཆགས་མང་ཆེ་བའི་ནང་སོང་ནས་གཞིས་ཆགས་ཀྱི་གནས་སྟངས་ཆ་ཚང་ཤེས་ཀྱི་ཡོད། དེ་བཞིན་ཉེ་ཆར་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་སུ་བོད་རིགས་ཚོགས་པ་དང་། ཁ་འཐོར་བོད་མིའི་གནས་སྟངས་དང་། ཁོང་ཚོར་དཀའ་ལས་གང་ཡོད། ཁོང་ཚོས་ཚགས་ཚུད་པའི་ལས་ཀ་གང་བྱེད་ཀྱི་ཡོད་ཚང་མ་ངས་ཤེས་ཀྱི་ཡོད། དེ་བཞིན་ནམ་རྒྱུན་བོད་ནང་ལོག་གི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་དང་། རྒྱལ་སྤྱིའི་ཆབ་སྲིད་ལ་ཡང་དོ་སྣང་བྱེད་ཀྱི་ཡོད་པས། དེའི་སྒང་ལ་ང་རང་གི་ཉམས་མྱོང་ཞིག་བསྲེས་པ་ཡིན་ན། ཚོགས་འདུ་མང་པོ་ཞིག་གོ་སྒྲིག་ཞུས་པ། ཚོགས་འདུའི་ནང་མཉམ་ཞུགས་བྱས་པ། གཏམ་བཤད་བྱས་པ་སོགས་ཀྱི་ཉམས་མྱོང་དེ་འདྲ་མང་པོ་ཞིག་ཡོད་པས། སྤྱི་ཡོངས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས། མི་མང་གི་དཀའ་ངལ་སེལ་ཐབས་བཅས་དང། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ལ་སོ་སོས་ཤུགས་ཆེན་པོས་ནུས་པ་གང་ཡོད་པ་བཏོན་ནས་འབད་བརྩོན་བྱ་རྒྱུ། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དེ་དག་འགྲུབ་ཐུབ་ཆེད་སེམས་བརྟན་པོ་ཞིག་དང་། གདེང་སྤོབས་ཀྱང་ག་ལ་གང་འཚམ་ཡོང་གི་འདུག ཡིན་ཡང་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་བསྡུར་བ་ཡིན་ན་ངས་རྗེས་ཟིན་ཐུབ་རྒྱུ་མ་རེད། དེ་གསལ་པོ་རེད། དེ་འདྲའི་ཞན་ཆ་ཡོད་པ་ཡིན་ན་ཡང་། ལས་ཀ་བྱེད་ཕྱོགས་ཀྱི་ཐོག་ནས་ཚགས་ཚུད་དུ་གཏོང་རྒྱུ་མང་པོ་ཞིག་མཐོང་བསྡད་ཡོད། དེ་ཚོའི་ཐོག་ལ་ཤུགས་རྒྱག་ཐུབ་ན་མིམང་གི་མངོན་འདོད་འགྲུབ་ཐུབ་པ་ཞིག་མཐོང་གི་འདུག

དྲི་བ། དེ་མིན་ཁྱེད་རང་གིས་བཙན་བྱོལ་གཞུང་གི་ད་ལྟའི་འགྲོ་བཞིན་པའི་ལས་དོན་བྱེད་ཕྱོགས་དང་། སྲིད་བྱུས་འཛིན་སྟངས་སོགས་ཀྱི་ཐོག་གསར་གཏོད་དང་ལེགས་བཅོས་དགོས་པ་དེ་འདྲ་མཐོང་གི་ཡོད་དམ།

ལན། དམིགས་བསལ་གསར་གཏོད་བྱེད་དགོས་པ་མང་པོ་མཐོང་གི་མི་འདུག ས་ཁང་སྒྲིག་གཞི་ལྟ་བུ་ཡིན་ན་ཁྲིམས་གཏན་འབེབས་བྱས་ཚར་པ་རེད། ཡིན་ན་ཡང་དངོས་སུ་ལག་བསྟར་བྱེད་པའི་སྐབས་ལ་དཀའ་ངལ་འཕྲད་བསྡད་པ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་ཚོའི་གྲས་བསྒྱུར་བཅོས་གཏོང་དགོས་ཀྱི་རེད། ཡིན་ཡང་བསྒྱུར་བཅོས་གཏོང་རྒྱུ་དེ་གྲོས་ཚོགས་བརྒྱུད་ནས་གཏོང་དགོས་པས། གྲོས་ཚོགས་དང་བཀའ་ཤག་ཐུན་མོང་གི་ཐོག་ནས་ལས་ཀ་བྱེད་དགོས་པ་རེད། དེ་ག་ནང་བཞིན་ཆོས་རིག་ལྷན་ཚོགས་བཙུགས་རྒྱུ་དེ་གནད་འགག་ཆེན་པོ་ཞིག་གི་ཐོག་ནས། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་དེ་ཚོ་ལ་ང་ཚོས་གདོང་ལེན་བྱེད་པ་ལ་ཆོས་རིག་ལྷན་ཚོགས་ཀྱི་ཁྲིམས། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་ཁ་ཤས་ཤིག་གི་ནང་གོ་བསྡུར་གནང་ནས། གྲོས་ཚོགས་ནང་གཏན་འབེབས་བྱས་པའི་ཁྲིམས་ཤིག་ཆགས་བསྡད་ཡོད་པ་རེད། ད་ལྟ་བར་དུ་ཚུགས་མ་ཐུབ་པའི་གནས་སྟངས་ག་རེ་ཡོད་རེད། བཙུགས་ཐུབ་མི་ཐུབ་མཐའ་གཅིག་ཏུ་ཞུ་ཐུབ་ཀྱི་མ་རེད་དེ། བཙུགས་ཐུབ་པའི་ཆེད་དུ་འབད་བརྩོད་ཏན་ཏན་ཞུ་དགོས་ཀྱི་རེད་བསམ་གྱི་ཡོད། བཙུགས་ཐུབ་ཀྱི་མེད་པ་ཡིན་ན་ཁྲིམས་བཟོས་པའི་དགོས་པ་རྒྱུ་མཚན་ཆགས་ཀྱི་ཡོད་མ་རེད། དེ་ཙམ་ཞིག་མ་གཏོགས་དེ་མིན་པའི་གཞན་པ་འཛིན་སྐྱོང་བྱེད་སྟངས་དེ་བཀའ་ཤག་གི་མཉམ་འདུས་ཀྱི་འགན་དེ་ལ་ཡང་ནུས་པ་སྤུངས་ཐུབ་པ་ཞིག་དང་། ལས་ཁུངས་སོ་སོ་ལ་ནུས་པ་སྤུངས་ཐུབ་པ། ལྷག་པར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ག་འདྲ་ཞིག་ཡོད་པ་ཡིན་ན། ལག་བསྟར་བྱེད་མཁན་དེ་ལས་བྱེད་ཚོ་ཡིན་པས། ལས་བྱེད་ཚོར་ཡིད་ཆེས་རྙེད་ཐུབ་པ་དང་།  ལས་བྱེད་ཚོ་སོ་སོས་བློ་སྟོབས་དང་ནུས་པ་རྩལ་དུ་འདོན་ཐུབ་པའི་སྡིངས་ཆ་ཞིག་སྐྲུན་ཐུབ་རྒྱུ་དང་། ལྷག་པར་ལས་བྱེད་ཚོའི་གནས་སྟངས་ཡང་ཡར་རྒྱས་གཏོང་དགོས་པ་མཐོང་གི་འདུག་ལ། བྱེད་ཐུབ་པ་ཞིག་ཀྱང་རེད།

དྲི་བ། ཁྱེད་ཀྱིས་ཕྱག་རོགས་བཀའ་བློན་སུ་དང་སུ་ཡིན་མིན་གོ་སྒྲིག་དང་འཆར་གཞི་བྱས་ཡོད་དམ།
ལན། དེ་བསམ་བློའི་ནང་ལ་ཡོད། གལ་ཏེ་ང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་ཡིན་ན། བཀའ་བློན་བུད་མེད་གསུམ་ཡིན་གཅིག་མིན་གཉིས་གཇོག་དགོས་པ་གལ་ཆེན་པོ་བརྩི་ཡི་ཡོད། ལྷག་པར་བུད་མེད་ཀྱི་ནུས་ཤུགས་ཀྱི་སྐད་ཆ་བཤད་པའི་སྐབས་ལ། བུད་མེད་ལ་འགན་དབང་ཡོད་པའི་གོ་གནས་ཤིག་ཡོད་པ་ཡིན་ན། ནུས་པ་འདོད་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ད་ལྟ་མིང་འདོན་རྒྱུ་སྔ་དྲག་པ་རེད་དེ། ཡིན་ཡང་སོ་སོའི་ངོས་ནས་ལྷན་ཁང་འདི་ལ་འདིས་འགན་ཁུར་པ་ཡིན་ན་ཡག་པོ་ཡོད་ས་རེད་བསམ་པའི་མིག་རྟགས་བརྒྱབ་བཞག་ཡོད། ད་དུང་འོས་གཞི་ནས་འགོ་འཛུགས་རྒྱུ་ཡིན་པས་གང་ཟག་རེ་རེ་ལ་འབྲེལ་བ་བྱེད་རྒྱུ་མ་བྱུང་།
མེ་སོར་གསར་འགོད་པས་བཅར་འདྲི་བྱས།

{jcomments on}