ཚོགས་ཆེན་འཇུག་བསྡོམས་དང་། ༧གོང་ས་མཆོག་གི་བཀའ་སློབ།

དེའང་བོད་མི་ཡོངས་ནས། ༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་བཅད་པའི་དབུ་མའི་ལམ་ཐོག་ཤར་བསྐྱོད་བྱ་རྒྱུའི་མང་མོས་བྱུང་བ་སོགས་རེད། དེའི་ནང་ཚོགས་ཆེན་གྱི་ངོ་ཚབ་རྣམ་པས་བོད་གཞུང་མང་གཉིས་ཀྱི་འགྲིན་ཚབ་ཞུས་ཏེ། ༧གོང་ས་མཆོག་གིས་ཕྱེད་རྒན་ཡོལ་གསུངས་བཞིན་པའི་བཀའ་མོལ་དེ་འདྲ་མི་ཡོང་བ་དང་། དེ་འདྲའི་ཐུགས་བཞེད་ནམ་ཡང་མ་གནོངས་རོགས་ཞེས་གདུང་འབོད་ནན་པོ་བྱས་སོང་།

འོན་ཀྱང་དེའི་ཐད་ལ། ༧གོང་ས་མཆོག་གིས་དོ་དན་དང་། ཐུགས་སྣང་ཆེན་པོས་བཀའ་འདི་ལྟར་ཕེབས་སོང་། ཁྱེད་རང་ཚོས་ཕྱེད་རྒན་ཡོལ་ཞེས་པ་དེའི་ཐོག་སྐད་ཆ་མང་པོ་བཤད་སོང་། ངས་སྐད་ཆ་ཞིག་འདྲི། ང་འཛམ་བུ་གླིང་ན་ཡོད་པའི་མི་ཞིག་རེད། ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་རེད་དམ། ཟེར་ན། ཞེས་གསུངས་སོང་ལ། ད་དུང་ཁོང་གིས་ད་ལྟ་ང་ཕྱེད་རྒན་ཡོལ་ཞུས་བསྡད་ཡོད་ལ། མ་འོངས་པ་ནའང་རྒན་ཡོལ་གཙང་མ་ཞུས་ཏེ། གཙང་མ་གཙང་སེང་བསྡད་ཀྱི་རེད། སོགས་གསུངས་སོང་། ང་ཚོས་ཕྱོགས་ཡོངས་ནས་༧གོང་ས་མཆོག་ལ་ཡར་མཇལ་ཏེ། ཁོང་གི་སྐུ་ངལ་དང་། དགོངས་བཞེད། ད་དུང་ཁོང་གི་འགན་འཁྲི་ཁག་པོ་དག་ངོ་ཤེས་པ་དང་། ཧ་གོ་བ་བྱ་དགོས་རྒྱུ་དེ་གལ་ཆེན་རེད་འདུག་དྲན།

ངས་བསམ་ན། བཀའ་མོལ་འདི་དང་། སྐད་ཆ་འདི་ཚོ་སུ་ཞིག་གིས་བེད་སྤྱད་ནས་ཅི་ཞིག་ཀྱང་བྱ་སྲིད་པའི་གོ་སྐབས་ཤིག་ཀྱང་མཐོང་སོང་ལ། ང་ཚོས་ད་དུང་ཁོང་ལ་ཨུ་ཚུགས་རྟག་བརྟན་བྱེད་ཀྱིན་པ་འདིར། ཁོང་ཡང་འུ་ཐུག་བཞིན་པ་ཞིག་མཐོང་ཀྱིན་འདུག

ང་ཚོར་འདས་པའི་ལོ་རྒྱུས་ནང་། ༧གོིང་ས་མཆོག་གིས་བཀའ་སློབ་ལམ་སྟོན་དང་། མ་འོངས་སྔོན་གཟིགས། དེ་བཞིན་ཁོང་ཉིད་མེད་ཤུལ་དུ་བོད་ཟེར་བ་དེ། ཇི་ལྟར་གནས་ཐབས་ཀྱི་སྐོར་ནས། ད་ལྟ་ནས་ཐུགས་བསྐྱེད་རྒྱ་ཆེན་བཞེས་ཏེ། མཛད་འཕྲིན་སྐྱོང་ཡོང་དུས། ང་ཚོས་ད་དུང་གླེན་པ་ཨུ་ཚུགས་བྱེད་ཀྱིན་པ་འདིས་སུ་ལ་གནོད་ཀྱིན་འདུག འདིའི་ཐད་ངེས་པར་དུ་གཏན་ཚུགས་པའི་དཔྱད་ཞིབ་གནང་དགོས་པ་ཞིག་ལས། སྐད་ཆ་འདི་ཚོས་ད་དུང་སྤེལ་ལད་འཁྲབ་བྱེད་བྱས་ན། ཁོང་ཡང་ད་དུང་ཐུགས་སུན་ངེས་པ་བརྟེན། ངེས་པར་དུ་དམ་གཟབ་ཞུ་དགོས་སྙམ།

བྱས་ན་དྲྭ་གྲོགས་ཁྱེད་ཅག་གི་བསམ་ཚུལ་དེའང་ངས་མཉན་འདོད།