མོན་གྷོ་རུ་མང་གཙོའི་དུས་དྲན་སྲུང་བརྩི།
ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་མོན་གྷོ་གཏན་སློབ་ཀྱི་སློབ་ཕྲུག་ཚོས་རྔ་གླིང་རོལ་དབྱངས་བཅས་ཀྱི་སྔོན་བསུས་ཏེ་མཛད་སྒོའི་བཞུགས་ཁྲིའི་སྟེང་དུ་གདན་ཞུའི་ཡིས་མཇལ་དར་འདེགས་འབུལ་སོགས་གྲུབ་རྗེས། ས་འཐུས་ཚོགས་དྲུང་ཚེ་རིང་རྡོ་རྗེ་དང་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་གཉིས་ནས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་སྒྲོགས་སྦྱང་བྱས་པ་དང་ཆབས་གཅིག་གསུང་འཕྲིན་དང་འབྲེལ་བའི་བླངས་དོར་གསུང་བཤད་གནང་ཡོད་པ་རེད།
དེ་རྗེས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་འདི་ནི་༧གོས་ས་མཆོག་གིས་བོད་རྒྱ་ཆེའི་མི་མང་ལ་མང་གཙོ་གསོལ་རས་གནང་བའི་ཉི་མ་ཁྱད་པར་ཅན་ཞིག་དང་། ལྷག་པར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་ལུགས་སུ་བསྒྱུར་ནས་མོ་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་ཚེས་གལ་ཆེན་པོ་ཞིག་ཡིན་པ་རེད། སྤྱིར་བཏང་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཕར་ཆེ་བ་མི་མང་གི་བློས་གཏོང་ཆེན་པོའི་ཐོག་མང་གཙོ་ཆགས་པའམ་རག་པ་ཞིག་ཡིན་པ་རེད་མ་གཏོགས། ང་ཚོའི་དབུ་ཁྲིད་ནང་བཞིན་གྱིས་མང་ཚོགས་ལ་ཚུར་མང་གཙོ་གསོལ་རས་གནང་བ་ཞིག་ཕར་ཆེར་གཅིག་ཀྱང་མེད་པ་ལྟ་བུ་རེད། འདི་ནི་བོད་མི་མང་གི་འདོད་པ་མ་ཁང་བའི་སྒོ་ནས་རྩོད་ལེན་བྱས་བཞག་པ་ཞིག་མིན་ལ། ༧གོང་ས་སྐྱབས་མགོན་མཆོག་གིས་ཡང་དག་པའི་མང་གཙོ་འདི་བོད་རྒྱ་ཆེའི་མི་མང་ལ་ཐུགས་རྩེ་བ་ཆེན་པོའི་སྒོ་ནས་མར་གནང་བ་ཞིག་རེད། དེ་འདྲ་སོང་ཙང་། གལ་ཆེ་ཉག་ཕྲའི་དུས་སྐབས་འདིར་མི་མང་གི་ངོས་ནས་མང་གཙོའི་ཁེ་དབང་ཆ་ཚང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཤེས་དགོས་པ་ཞིག་དང་། ལྷག་པར་དུ་སླེབ་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་ཤོག་དེ་ཕྱོགས་རུས་སུ་མ་ལྷུང་པའི་སྒོ་ནས་མི་མང་གི་དྲག་འདེམས་གནང་དགོས་སྐོར་གསུངས་སོང་།
མཇུག་ཏུ་ལས་དུས་ཚང་བའི་ས་གནས་རང་བདེན་གྱི་རྒྱུན་ལས་རྣམས་དང་། སློབ་གྲྭ་དབུ་མའི་འཛིན་རིམ་དྲུག་པ་ནས་བཅུ་གཅིག་བར་གྱི་ཡིག་རྒྱུགས་རྩེ་ཕུད་བཅས་སུ་བྱ་དགའ་དང་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་དང་ཕྱག་འཁྱེར་ཁག་གཅིག་ཀྱང་སྩལ་སོང་།
མོན་གྷོ་གསར་འགོད་པས།
{jcomments on}
