སྔོན་མ་ནས་བོད་པ་ཚོ་ཨ་གསར་ཆེན་པོའི་གྲས་ལ་བརྩིས་འདུག

ཟླ་འདིའི་ཚེས་༦ ཉིན་ན་གཞོན་མདུན་བཟང་ལམ་སྟོན་ཚོགས་པའི་གོ་སྒྲིག་འོག་དྷ་རམ་ས་ལའི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཁྱད་ལས་མཁས་པའི་ཚོགས་འདུ་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། རྒྱ་གར་གྱི་ཚན་རིག་ཐོག་གི་འབུམ་རམས་པ་ཝཱ་ཡེ་ཨེ་སི་རཱ་ཇན། ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོག་བསྟན་པ་ཚེ་རིང་བཅས་ཆེད་ཕེབས་གནང་སོང།

firsttgpnmeeting_2གཞན་ཡང་ཚོགས་འདུ་དེའི་ཐོག་ཏུ་མཁས་དབང་བློ་བཟང་སེང་གེ་དང། འབུམ་རམས་པ་བློ་བཟང་རབ་རྒྱས། འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས། འབུམ་རམས་པ་བུ་མོ་ཚེ་རིང། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། སྨན་པ་ཚེ་དབང་དངོས་གྲུབ། སྨན་པ་ཚེ་བརྟན། འཆར་འགོད་ཁྱད་ལས་པ་ཉིན་མ་རྡོ་རྗེ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་ཁྱད་ལས་མི་སྣ་དགེ་རྒན་དང། སྨན་པ། དཔལ་འབྱོར་རིག་པ་བ། ཁྲིམས་རྩོད་པ། གསར་འགོད་པ་སོགས་མི་གྲངས་༡༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་རེད། མི་སྣ་དེ་དག་བྱང་ཨ་རི་དང། ཡུ་རོབ། ཝེ་ཏི་ནམ། བལ་ཡུལ། རྒྱ་གར་གྱི་ས་གནས་སྒང་ཏོག་དང། ལྷོ་ཕྱོགས། ལྡི་ལི་སོགས་ནས་ཕེབས་པ་ཞིག་ཡིན་པ་མ་ཟད། ཚོགས་འདུའི་སྐབས་སུ་སྡོད་གནས་དང་ཞལ་ལག་མ་གཏོགས་ལམ་གྲོན་རང་ངོས་ནས་བཏང་བ་ཞིག་ཡིན་པ་རེད།

དང་པོ་ལྡི་ལི་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་གིས་ཚོགས་འདུ་དེའི་སྐོར་གསུང་དོན། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་༥༡ གི་རིང་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་མ་གཏོགས། ཁྱད་ལས་པའི་ཐོག་ཏུ་དེ་ཙམ་གྱི་ཤུགས་རྒྱག་ཐུབ་ཡོད་མ་རེད། ཁྱད་ལས་པ་ཞིག་ཐོན་པ་ལ་དང་པོ་དོ་བདག་གིས་ཁྱད་ལས་པ་བྱེད་པའི་དོ་སྣང་དང། གོ་སྐབས། མཐུན་རྐྱེན་སོགས་མང་པོ་དགོས་ཀྱི་ཡོད་དུས་དེ་དག་མ་ཚང་བའི་རྐྱེན་གྱིས་ད་བར་དུ་བོད་པའི་སྤྱི་ཚོགས་ནང་དུ་ཚད་མཐོན་པོའི་ཁྱད་ལས་པ་མང་པོ་མེད་པའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་རེད། རྒྱལ་ཁབ་གང་ཞིག་ཡར་རྒྱས་འགྲོ་བར་ཚད་མཐོན་པོའི་ཁྱད་ལས་པ་དང། སྤྱི་ཚོགས་དེའང་ཤེས་ཚད་ལྡན་པ་ཞིག་དགོས་རྒྱུ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ནས་ཁྱད་ལས་པར་དོ་སྣང་བྱེད་པ་དང། རིམ་བཞིན་གྲངས་འབོར་མང་དུ་འགྲོ་བ། ཚད་གཞི་མཐོ་རུ་འགྲོ་ཡི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་དུ་ཁྱད་ལས་པ་ཚོའི་གནས་ཚད་དང་མཐུན་པའི་ལས་རིགས་སྤྲོད་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན་ཁྱད་ལས་པ་རྣམས་སྤྱི་ཚོགས་གཞན་གྱི་ནང་དུ་སིམ་འགྲོ་ཡི་ཡོད་རེད། རིམ་བཞིན་དེ་ལྟར་སོང་ན་ང་ཚོའི་སྤྱི་ཚོགས་དང་ཁྱད་ལས་པའི་བར་གྱི་འབྲེལ་བ་བརླག་པའི་ཉེན་ཁ་ཞིག་ཡོད་རེད། དེར་བརྟེན་ཁྱད་ལས་པར་འབྲེལ་ལམ་ཡག་ཏུ་གཏོང་ཐུབ་པ་དང། གཞོན་སྐྱེས་ཚོ་ལ་མིག་དཔེ་སྟོན་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། རྒྱ་མིས་བོད་པ་ཟེར་བ་མུན་ནག་དང་ཀླ་ཀློ་རེད་ཅེས་བཤད་ཀྱི་ཡོད་རེད་དེ། དེང་སང་གི་གནས་སྟངས་འདིར་བལྟས་ན་བོད་པ་ཚོར་གོ་སྐབས་རག་ན་ག་རེ་ཡིན་ཡང་འཇོན་ཐུབ་ཀྱི་ཡོད་པ་གསལ་པོ་ཆགས་ཡོད་རེད།

དེར་བརྟེན་ལྡི་ལི་དོན་གཅོད་ཀྱི་ངོས་ནས་ཁྱད་ལས་པ་རྣམས་མཉམ་འཛོམས་ཡོང་ཐབས་ཀྱི་ཐབས་ཤེས་ལོ་གསུམ་རིང་བྱས་པ་རེད་དེ། དོན་གཅོད་ཀྱི་ལས་ཀའི་བྲེལ་བ་སོགས་ལ་བརྟེན་ནས་ཡོང་མ་ཐུབ་པ་རེད། དེ་ནས་ན་གཞོན་མདུན་བཟང་ལམ་སྟོན་ཚོགས་པའི་འགན་ཁུར་མཁན་གཡུ་སྒྲོན་ལགས་དང་མཇལ་ནས་ལྡི་ལི་དོན་གཅོད་ལ་དེ་འདྲའི་བསམ་ཚུལ་ཞིག་ཡོད་ཅེས་ཞུས་པར་བརྟེན། གཡུ་སྒྲོན་ལགས་ཀྱིས་འགན་གཙོ་བོ་བཞེས་ནས་ཁོང་གི་ཕྱག་རོགས་ལྷག་པ་ཚེ་རིང་གིས་གཙོས་པའི་ལས་བྱེད་པ་རྣམས་ཀྱིས་ཚོགས་འདུ་འདི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་བཞིན་འདིར་ཕེབས་པའི་མཁས་པ་རྣམས་ཀྱིས་མུ་མཐུད་ཁྱད་ལས་པའི་ཐོག་ལ་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

firsttgpnmeeting_3དེ་རྗེས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་དོན། སྤྱིར་བཏང་དེང་སང་སྤྱི་ཚོགས་ནང་དུ་ཁྱད་ལས་པ་མང་པོ་ཐོན་བཞིན་པ་རེད་ལ། ཕན་ཐོགས་ཡོང་གི་ཡོད་རེད། དབྱིན་ཇིའི་སྐད་ཀྱི་professional ཟེར་བ་དེ་བོད་སྐད་དུ་བསྒྱུར་སྟངས་འདྲ་མིན་སྣ་ཚོགས་འདུག ཁྱེད་རང་ཚོས་གཞུང་འབྲེལ་གྱིས་བེད་སྤྱོད་བཏང་བའི་ཁྱད་ལས་པ་ཞེས་པ་འགྱུར་ཡག་ཤོས་དེ་རེད་བསམ་གྱི་ཡོད། དབྱིན་ཇིའི་ཚིག་མང་པོ་ཞིག་སྐད་ཡིག་གཞན་པའི་ནང་དུ་སླེབས་དུས་མཐོང་མེད་པ་ལྟ་བུ་ཞིག་དང། རྣམ་བཤད་ཀྱི་གོ་བ་ཆ་ཚང་མ་སླེབས་པ་ཞིག་ཆགས་ཀྱི་འདུག professional དང་Occupation གཉིས་དེ་མཚམས་རེ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་རེད། བོད་སྐད་ནང་དུ་དེང་སང་དྷ་རམ་ས་ལ་གཅིག་པུར་མཚོན་ན། ཆེད་ལས་པ་དང། ཁྱད་ལས་པ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཡོད་རེད། བོད་ནང་དུ་རྒྱ་སྐད་དུ་བསྒྱུར་བའི་ནང་དུ་ཆེད་ལས་པ་ཞེས་པ་དེ་མང་པོ་འབྲི་ཡི་འདུག ངས་ཚིག་གི་རྙོག་གྲ་བཤད་དགོས་པའི་རྒྱུ་མཚན་དེ་ཁྱེད་རང་ཚོས་ཁྱད་ལས་པའི་ཚོགས་འདུར་ཤོག་ཅེས་པའི་ཡི་གེ་འབྱོར་དུས། ཁྱད་ལས་པ་ཞེས་པའི་ཚིག་དེའི་རྣམ་བཤད་ག་འདྲ་ཞིག་ཡིན་ན་བསམ་ནས་བལྟས་པ་ཡིན། དབྱིན་ཇིའི་ཚིག་མཛོད་དང། ཤེས་བྱ་ཀུན་བཏུས་དེ་ཚོའི་ནང་དུ་རྣམ་བཤད་རག་གི་མི་འདུག རྣམ་གྲངས་མང་པོ་རག་གི་འདུག སྨན་པ་དང་ཁྲིམས་རྩོད་པ་ཞེས་དེ་འདྲ་རག་གི་འདུག  རྣམ་བཤད་ཡོད་ཀྱི་རེད་དེ་རག་མ་སོང། ང་ཚོ་བོད་པས་རིགས་གཅིག་རྐང་འཛིན་དང། ཁྱད་ལས་པ་ཞེས་ཚིག་གཉིས་བེད་སྤྱོད་གཏོང་གི་ཡོད་རེད། དེ་གཉིས་ཀ་མཚམས་རེ་profession ཞེས་པའི་དོན་དང་གཅིག་པ་ལྟ་བུ་ཆགས་འགྲོ་ཡི་འདུག་ཅེས་དང།

མུ་མཐུད་གསུང་དོན། བོད་མི་རིགས་ཞེས་པ་དེ་འཛམ་གླིང་གི་མི་རིགས་མང་པོ་ཡོད་པའི་ནང་ནས་མི་འདྲ་བ་ཞིག་རེད། མི་འདྲ་བ་ཆགས་པའི་རྒྱུ་མཚན་བཤད་དུས་ཆོས་ལ་དད་པ་ཡོད་མཁན་ཚོས་གཅིག་བཤད་ཀྱི་རེད། ཆོས་ལ་དད་པ་མེད་མཁན་ཚོས་དེ་ལ་ངོས་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག ས་མཐོན་པོ་དང། འགྲོ་ཁག་པོ། མཐུན་རྐྱེན་དཀོན་པོ། མི་གྲངས་ཉུང་ཉུང། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་དེ་མི་འབོར་མང་པོ་དང་སྟོབས་ཆེན་པོ་གཉིས་ཀྱི་བར་དུ་ཡོད་བཞིན་དུ་རྣམ་དཔྱོད་རིག་རྩལ་གྱི་ཆ་ནས་མཁས་པའི་བྱ་བ་རྒྱ་ཆེན་པོ་བྱེད་ཐུབ་མཁན་ཞིག་ཆགས་པ་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་དེ་དུས་རབས་བདུན་པ་ནས་འགོ་བཙུགས་པ་ལྟ་བུ་རེད། དེའི་སྔོན་ལ་སྤྱི་ཚོགས་ཀྱི་དཔལ་ཡོན་དང་ཁ་བྲལ་ནས་བསྡད་པ་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་འགོ་བཙུགས་པ་ནས་བཟུང་སྟེ། མི་འབོར་ས་ཡ་དྲུག་ལས་མེད་པ་དེ་དབུས་དང་ཤར་ལྷོ་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་མང་པོས་དམག་གི་ཆ་ནས་ཞེད་སྣང་དང་བསྟུན་མཁན་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཆགས་ནས་རྒྱུན་རིང་པོ་བསྡད་པ་རེད། རྒྱ་ནག་དང་རྒྱ་གར་གཉིས་ཀས་ཞེད་སྣང་འཚེར་སྣང་བྱེད་དགོས་པའི་སྟོབས་ཤུགས་ཅན་གྱི་མི་རིགས་ཤིག་རེད། དེ་ནས་དམག་གི་སྟོབས་ཤུགས་དེ་ཤེས་ཡོན་གྱི་སྟོབས་ཤུགས་ལ་འགྱུར་བ་ཕྱིན་པ་རེད། ངས་ནམ་རྒྱུན་བོད་པ་ནང་བཞིན་མཁས་པ་མང་པོ་ཡོད་མཁན་དང། རྩོམ་ཡིག་མང་པོ་ཡོད་མཁན་ཡོད་མ་རེད་ཅེས་ལབ་ཀྱི་ཡོད། མི་མང་པོས་དེ་ལ་མོས་མཐུན་བྱེད་ཀྱི་མ་རེད།

ཡིན་ན་ཡང་ངས་དེ་རིག་པའི་སྒྲུབ་བྱེད་ཀྱིས་ཐག་ཆོད་པོའི་ཐོག་ནས་ལབ་ཀྱི་ཡོད། གང་ཡིན་ཟེར་ན། མི་འབོར་གྱི་ཆ་ནས་ས་ཡ་དྲུག་ལས་ག་དུས་ཡིན་ཡང་མ་བརྒལ་བ་ཞིག་རེད། དུས་ཚོད་ཀྱི་ཆ་ནས་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་ཙམ་མ་གཏོགས་བྱུང་ཡོད་མ་རེད། རྒྱ་གར་ལྟ་བུ་ཡིན་ན་ཤེས་ཡོན་དང་རྩོམ་རིགས་ཀྱི་བྱུང་རབས་ལ་ལོ་བདུན་སྟོང་ལྷག་ཙམ་ཡོད་རེད། དུས་ཚོད་ལོ་བདུན་སྟོང་ལྷག་དང་མི་དུང་ཕྱུར་བརྒལ་བ་ཡོད་མཁན་དང། མི་ས་ཡ་དྲུག་ལས་མེད་པ་དང། ལོ་ཆིག་སྟོང་ལྷག་ལས་གོ་སྐབས་མ་བྱུང་བའི་མི་རིགས་གཉིས་བསྡུར་ན། ཡིག་བསྒྱུར་གྱི་བྱུང་རབས་ནང་དུ་བོད་པ་ནང་བཞིན་་སུ་གང་མེད་པ་ཚང་མས་ཁས་མ་བླངས་རང་བླངས་རེད། མིག་གིས་མཐོང་བ་དང་ལག་པས་ཟིན་རྒྱུ་ཡོད་པ་ཞིག་རེད། གཞན་གྱིས་བརྩམས་པ་མ་ཡིན་པར་རང་སྐད་ཀྱི་ཐོག་ཏུ་བརྩམས་པ་ལ་ཆ་བཞག་ནའང་པོ་ཏི་བརྒྱ་ལྷག་ཡོད་རེད་ཟེར་བ་ནས། པོ་ཏི་ལྔ་བཅུ་དྲུག་བཅུ། བཅོ་ལྔ་བཅུ་དྲུག་ཡོད་མཁན་ག་ཚོད་བྱུང་ཡོད་རེད། དེ་ཚོ་ཚང་མ་དེང་རབས་གྱི་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་ཤ་སྟག་རེད་མ་གཏོགས། རང་དགར་རྨོངས་དད་དང། ཟེར་ལོ་ཐོས་ལོ་ཙམ་བྱས་ནས་བྲིས་བཞག་པ་ཧ་ལམ་ཡོད་མ་རེད་ཅེས་ལབ་ཀྱང་འགྲིག་པ་ལྟ་བུ་རེད། ག་དུས་ཡིན་ཡང་ཚད་མ་རིག་པ་དང་ནང་དོན་རིག་པ་མཉམ་དུ་འགྲོ་ཡི་ཡོད་པ་ཡིན་དུས། བོད་པའི་རྩོམ་ཡིག་གི་སྤུས་ཚད་ལ་བལྟས་ན་བོད་པའི་མཁས་པ་ཚོ་ནང་བཞིན་རྒྱ་གར་མཁས་པ་རེ་ཟུང་རེད་མ་གཏོགས་མཇལ་མ་མྱོང་བ་ལྟ་བུ་མང་པོ་ཡོད་བསྡད་པ་ཞིག་རེད། དེ་འདྲའི་ལག་རྗེས་ཡོད་པའི་མི་རིགས་ཤིག་ཆགས་པ་རེད། དངོས་དོན་གྱི་གནས་ཚུལ་གྱི་ཐོག་ནས་བལྟས་པ་ཡིན་ན། ཡར་ཐོན་ཧ་ཅང་ཆེན་པོའི་མི་རིགས་ཤིག་ཏུ་བརྩི་དགོས་ཀྱི་ཡོད་རེད། དེ་འདྲའི་མི་རིགས་དེ་ད་ལྟ་ཆགས་འཇིག་གི་སོ་མཚམས་ལ་སླེབས་བསྡད་པའི་གནས་སྐབས་ཤིག་རེད་ཅེས་དང།

firsttgpnmeeting_4མུ་མཐུད་གསུང་དོན། བོད་མི་རིགས་ཆགས་འཇིག་གི་སོ་མཚམས་ལ་སླེབས་པ་དེ། ཕྱོགས་གཅིག་ནས་རྒྱ་ནག་གིས་བཙན་གནོན་བྱེད་ཕྱོགས་དང། བོད་ནང་ཡོད་པའི་མི་ཚོས་རང་གི་སྲོལ་རྒྱུན་དང་རང་གི་རིག་གཞུང། རང་གི་སྐད་ཡིག་རྒྱུན་འཛིན་བྱེད་རྒྱུ་དེ་སྲོག་ཐོག་ལ་འབབ་པའི་ནག་ཉེས་ཤིག་ཏུ་ཆགས་བསྡད་ཡོད་རེད། བྱེད་འདོད་ཡོད་པ་ཡིན་ཡང་བྱེད་པའི་གོ་སྐབས་དང་ཐོབ་ཐང་མཐུན་རྐྱེན་བཅས་ཡོད་མ་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོ་དེ་འདྲའི་ཞེད་སྣང་ཡོད་མ་རེད། ཡིན་ན་ཡང་ང་ཚོ་བོད་པ་ཚོ་ཨ་གསར་ཚ་པོའི་གྲས་ལ་སྔོན་མ་ནས་བརྩིས་འདུག དེ་ལྟར་དེང་རབས་ཀྱི་ཤེས་ཡོན་ལ་ཨ་གསར་ཚ་ཐག་ཆོད་ནས་རང་དབང་ལུང་པར་ཡོད་མཁན་ཚོས་རང་གི་འདོད་པ་དང་དུ་བླངས་ནས་བོད་པའི་སྲོལ་རྒྱུན་དེ་ཚོ་ལ་དོ་སྣང་མེད་པར་ལུས་པ་རེད། མི་རབས་རྗེས་མ་ཚོས་ག་འདྲ་བྱེད་གྲབས་ཡོད་ན། བཟང་སྤྱོད་ཀྱི་ཆ ནས་འགྱུར་བ་ག་འདྲ་འགྲོ་ཡི་ཡོད་རེད། སྲོལ་རྒྱུན་གྱི་ཆ་ནས་འགྱུར་བ་ག་འདྲ་འགྲོ་ཡི་ཡོད་རེད། ང་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་དུས་བོད་མི་རིགས་དེ་རྒྱ་མི་རིགས་ཀྱི་ནང་དུ་སིམ་འཇུག་གི་འདུག་ཅེས་བཤད་ཀྱི་ཡོད་རེད། དེ་བྱེད་སྟངས་སྡུག་ཅག་རེད་ཅེས་རྟག་པར་ལབ་ཀྱི་ཡོད་རེད། ཡིན་ན་ཡང་ང་རང་ཚོས་སོ་སོའི་གནས་ཡུལ་གྱི་ཐོག་ཏུ་ག་ཚོད་ཅིག་སིམ་འགྲོ་ཡི་ཡོད་རེད་ཞིབ་འཇུག་བྱས་པ་ཡིན་ན་ང་ཚོའི་མགྱོགས་ཚད་དེ་ཞན་པོ་མ་རེད། མགྱོགས་ཚད་མཐོན་པོ་རེད་ཅེས་གསུངས་སོང།

མུ་མཐུད་གསུང་དོན། བོད་པའི་སྲོལ་རྒྱུན་གྱི་ཐོག་ནས་ཁྱད་ལས་པ་ལ་ལྟ་སྟངས་དེ་ག་འདྲ་རེད། དེ་ལ་མཚན་ཉིད་ག་རེ་ཚང་དགོས་རེད་ཟེར་ན། བྱ་བ་གང་ཞིག་འགོ་མ་བཙུགས་གོང་ནས་ལས་ཀ་དེའི་སྦྱོར་དངོས་རྗེས་གསུམ་གྱི་གནས་ཚུལ་ཆ་ཚང་རྟོགས་མཁན་ཞིག་དགོས་པ་རེད། དེ་ཡང་ཆ་བཞག་པ་མ་ཡིན་པར་སོ་སོས་བརྟག་དཔྱད་བྱས་ནས་ངེས་པ་རྙེད་པ་ཞིག་དགོས་པ་རེད། དེང་སང་དེང་རབས་ཀྱི་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་གིས་མ་ཤེས་གོང་ནས་ཁས་བླངས་ཤིང་ཆ་བཞག་ནས་འགྲོ་མཁན་མང་པོ་ཞེ་དྲག་རེད། ངས་ལབ་པ་དེ་ཁྱེད་རང་གིས་ཡིན་པར་ཆ་བཞག་ན་ཤེས་ཡོད་མ་རེད། ཡིན་པར་ཁས་བླངས་པ་རེད། འཛིན་གྲྭའི་ནང་དགེ་རྒན་གྱི་གང་བསླབ་པ་དང་སློབ་དེབ་ནང་དུ་གང་ཡོད་པ་དེ་རྒྱུགས་སྤྲོད་སྐབས་སུ་དེ་རང་སྐྱོར་ནས་བཞག་ན་ཤེས་པའི་གྲས་སུ་བརྩི་ཡི་ཡོད་རེད། དེ་ཤེས་པ་མ་རེད། བརྡ་ལན་རུག་རུག་བཟོས་ནས་གློག་ཀླད་དུ་བླུགས་པ་ནང་བཞིན་བྱས་ནས་ཕར་བཤད་དུས་ཡང་བསྐྱར་བཏོན་པའི་བཟོ་ལྟ་བུ་བྱས་ན་ཁོ་རང་གི་བསམ་བློ་ནང་དུ་ཤེས་ཡོན་གང་ཡང་ཡོད་མ་རེད། བརྡ་ལན་མང་པོ་དེ་དགོས་པའི་སྐབས་སུ་ཕྱིར་བཏོན་པ་ལྟ་བུ་བྱས་ན་གློག་ཀླད་དང་མིའི་ཀླད་པ་གཉིས་གཅིག་པ་ལྟ་བུ་ཆགས་འགྲོ་ཡི་ཡོད་རེད། རང་གིས་རིག་པ་འདོན་པ་དང། རྟགས་བཀོད་པ། དཔྱད་པ་བྱས་ནས་གནས་ཚུལ་གང་ཡིན་ཡང་རང་སྟོབས་ཀྱིས་ངེས་པ་བརྙེད་ནས་ཤེས་པ་ཞིག་ལ་ཁྱད་ལས་པ་ཟེར་གྱི་ཡོད་རེད། དེ་འདྲའི་ཁྱད་ལས་པ་དེས་བྱས་པའི་བྱ་བ་དེ་ཕན་ཐོགས་མ་གཏོགས་གནོད་མི་སྐྱེལ་བའི་ཡིད་ཆེས་བྱེད་ཆོག་གི་རེད། དེ་ཙམ་དུ་མ་ཟད་དེ་ལྟ་བུའི་བྱ་བ་དེ་རྒྱུན་གནས་ཐུབ་པའི་ཡིད་ཆེས་བྱེད་ཆོག་གི་རེད། མ་ཤེས་བཞིན་དུ་ཤེས་སོང་བསམ་ནས་འགོ་བཙུགས་བཞག་པ་ཡིན་ན་དེ་རྒྱུན་གནས་མི་ཐུབ་པ་ཆགས་འགྲོ་ཡི་རེད། ཁྱད་ལས་པའི་བྱས་པའི་འབྲས་བུ་དེ་སྒྲུབ་ཕྱོགས་མ་གཏོགས་དགག་ཕྱོགས་མ་ཡིན་པ་དང། རྒྱུན་གནས་ཐུབ་པ་ཞིག་ཡོང་དགོས་ཀྱི་ཡོད་རེད་ཅེས་སོགས་གསུངས་སོང།

firsttgpnmeeting_5དེ་རྗེས་རྒྱ་གར་གྱི་ཚན་རིག་གི་ཐོག་གི་འབུམ་རམས་པ་ཝཱ་ཡེ་ཨེ་སི་རཱ་ཇན་གྱིས་གསུང་དོན། སྤྱིར་བོད་མི་ཟེར་བ་དེ་ཕྱིས་སུ་འཛམ་གླིང་ཡུལ་གྲུ་གང་སར་ཧ་གོ་བསྡད་ཡོད་པ་རེད། ༧གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་དང་ཞི་བདེ་སྐྲུན་པའི་ཐབས་ཤེས་ལ་བརྟེན་ནས་བོད་མི་རྣམས་ལ་ཚང་མས་དགའ་པོ་བྱེད་ཀྱི་ཡོད་རེད། བོད་པའི་ཁྱད་ལས་པ་ཚོས་དུས་རྒྱུན་དུ་ག་པར་ཡོད་པ་དང། ཁྱད་ལས་པའི་སྒྲིག་འཛུགས་ག་འདྲ་ཞིག་གི་ནང་དུ་ནུས་པ་འདོན་གྱི་ཡོད་ཀྱང། འཛམ་གླིང་སྤྱིའི་འགྲོ་ལུགས་དང་མཐུན་པའི་སྒོ་ནས་རང་མི་རིགས་ཀྱི་ངོ་བོ་མ་བརླག་པར་བརྟན་པོ་བཟུང་ཐུབ་པ་དགོས་རྒྱུ་གལ་ཆེན་ཡིན་པ་རེད་ཅེས་དང། གཞན་ཡང་བོད་པའི་ཁྱད་ལས་པའི་ཁྲོད་དུ་ལས་རིགས་གང་ཞིག་ཡིན་ཡང་བྱེད་ཐུབ་པ་དང། འཇོན་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་ཡིན་སྐོར་ཞིབ་ཕྲ་གསུངས་སོང།

རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ཐེངས་པོ་དེ་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པ་དང། ཉིན་གསུམ་རིང་ལ་བརྗོད་གཞི་དང་འབྲེལ་བ་ཡོད་པའི་བོད་གཞུང་གི་གནད་ཡོད་མི་སྣ་གདན་འདྲེན་དང། གཞན་ཡང་ཚོགས་ཞུགས་པ་རང་ངོས་ཀྱི་ནང་ནས་གསུང་བཤད་གནང་རྒྱུ་དང། དུས་ཚོད་མང་ཆེ་བ་ཚང་མས་གྲོས་བསྡུར་དང་བགྲོ་གླེང་བྱས་ནས། བོད་ཀྱི་ཁྱད་ལས་པ་རྣམས་ཀྱི་བར་དུ་འབྲེལ་བ་གསར་འཛུགས་དང། ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་ག་རེ་བྱེད་དགོས་པ་དང། ལྷག་པར་དུ་གཞུང་དང་ཚོགས་པ་གང་རུང་ལ་ཕར་མཛུབ་མོ་བཙུགས་པ་མ་ཡིན་པར། རང་ངོས་ལས་ནུས་པ་ག་འདྲ་ཞིག་འདོན་ཐུབ་པ་སོགས་ཀྱི་སྐོར་ལ་གོ་སྡུར་བྱེད་རྒྱུ་ཡིན་པ་རེད། དེ་བཞིན་མ་འོངས་པར་མུ་མཐུད་ཚོགས་ཆེན་འདི་འདྲ་འཚོག་རྒྱུའི་དམིགས་ཡུལ་ཡོད་སྐོར་ན་གཞོན་མདུན་བཟང་ལམ་སྟོན་ཚོགས་པའི་འགན་འཛིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་སོང།།

{jcomments on}