སྟོང་བསམ་ལས་བྱུང་བའི་བརྩེ་བ།་་་་་་་་་་མུ་འགོད་རྩོམ་སྒྲུང་།
ང་ནི་ཡུད་ཙམ་ཞིག་ལ་ཀླད་པའི་རྒྱན་ཐག་གི་ནང་དུ་བསམ་བློ་ཅི་ཡང་འཁོར་རྒྱུ་མེད་པ་གྱུར་ནས་ས་ཚིགས་དེ་རང་ལ་ལངས་ཏེ་ཅུང་ཙམ་བསྡད་པ་ཡིན། དེ་ཡི་སྐབས་སུ་ངའི་རྒྱབ་ལོག་ནས། ཝ་ཡེ། ཡེ་ཤེས་ལགས། ལམ་གྱི་དཀྱིལ་དུ་ལངས་ནས་ག་རེ་བྱེད་ཀྱི་ཡོད་ཅེས་གསུངས་སྐད་ཅིག་བདག་གི་ཐོས་འཛིན་གྱི་ཡུལ་དུ་ལྷུང༌། ངས་ཕྱི་ལྟས་ཤིག་བྱས་པས་དེ་ནི་བདག་གི་ངོ་ཤེས་རྙིང་པ་དབང་རྒྱལ་ལགས་རེད་ཤག། ངས་གང་བྱེད་ཀྱིན་མེད་ཅེས་ཞུས་པ་ཡིན། འོན་ཀྱང་ཁོང་གིས་བཞིན་རས་ལ་འཛུམ་མདངས་ཤིག་རྒྱས་ནས་ངས་ཚོད་དཔག་བྱེད་ན་ཕལ་ཆེར་མཛེས་མ་ཞིག་གི་སེམས་པ་འཕྲོག་པ་མིན་འགྲོ་སྙམ་བྱུང་ཞེས་གསུངས་བྱུང༌། ངས་སྤོབས་མདོག་གིས་ག་བ་ག་བ་ཞེས་ལན་ཕུལ། ཡིན་ནའང་ངའི་སེམས་ལ་སྒྲོལ་མའི་བཞིན་རས་དང་ངན་པའི་རྣམ་འགྱུར་སོགས་འཁོར་ལོ་ལྟར་འཁོར་བཞིན་ཡོད། ཁོང་གིས་ཡང་བསྐྱར་བསླབ་བྱ་བརྒྱ་ལས་རྣ་སོ་གཅིག་གི་དགའ་ཟེར་བ་རེད། རྗེས་སུ་གཟབ་གཟབ་བྱོས་ཨ་ཞེས་གསུངས་བས་ཞོར་དུ་ཕྱག་གཡས་པས་ངའི་ཕྲག་སྟེང་ལ་གཞུས་ཙམ་བྱས་ཏེ་མདུན་དུ་ཕེབས།
ང་ཡང་སོ་སོའི་སྡོད་ཁང་དུ་ལོག་ནས་ལས་ཀ་སོགས་གང་ཡང་བྱེད་འདོད་མེད་པར་ཉལ་སའི་སྟེང་དུ་གན་རྐྱལ་དུ་ཉལ་ཏེ། ད་གིན་བྱུང་བའི་གནས་ཚུལ་རྣམས་ཡིད་ལ་འཁོར་ནས་བསྡད། མོ་ནི་དེ་འདྲའི་ཁེངས་དྲེགས་ཅན་དང་ང་འོ་སྙམ་པ་མ་གཏོགས་མེད་མཁན་ཞིག་ཡིན་པ་གཞི་ནས་ཤེས་བྱུང༌། མི་ལ་ཡོན་ཏན་ཅི་ཙམ་ཡོད་ཀྱང་སེམས་ལ་ཉམས་ལེན་མེད་ན་ཅི་ལ་ཕན། མི་ཚང་མའི་མོ་ནི་ཡོན་ཏན་ཅན་ལ་སེམས་བཟང་ཅན་ཞིག་ཡིན་ཟེར་ནས་བསྟོད་ར་བཏང་ཡུལ་ཞིག་རེད། ངས་མཐོང་ཚུལ་ནི་མོ་ལ་ཡོན་ཏན་ཡོད་ཀྱང་སེམས་ལ་ཉམས་ལེན་མེད་པའི་བུ་མོ་ཞིག་དང༌། སེམས་བཟང་ཅན་ཟེར་བ་དེ་དོན་མ་རྟོགས་ནས་བཤད་པ་ལས་གཞན་གང་ཡང་མ་མཐོང༌། གང་ལགས་ཤེ་ན་ངས་མོ་རང་ལ་ཕུལ་བའི་ཡི་གེའི་ནང་དུ་དེ་འདྲའི་ཁོང་ཁྲོ་ཟ་དགོས་པའི་ཚིག་གང་ཡང་བྲིས་མེད་ལ། གལ་སྲིད་མོ་རང་དངོས་གནས་ཤེས་ཡོན་ཅན་དང་བློ་རྒྱ་ཆེ་བའི་བུ་མོ་ཞིག་ཡིན་ན། ངས་ཁྱོད་ཀྱི་རེ་བ་བསྐོང་ཐུབ་ས་མ་རེད་ཅེས་གསུངས་ནས་ཡི་གེ་དེ་ཚུར་སློག་ན་ཡ་རབས་བུ་མོའི་ལས་ཤིག་ལོས་ཡིན། ངས་ཀྱང་གཞན་ལ་འདོད་པ་མེད་བཞིན་དུ་ཨུ་ཚུགས་དང་བཙན་བསྐུལ་གཏོང་ག་ལ་ནུས། གཏམ་དཔེ་ལ། ཤིང་ཁོག་སྟ་རེས་ལེན་ཀྱང༌། མི་ཁོག་མི་ཡིས་མི་ལེན། ཟེར་བ་དེ་ལོས་བདེན། ང་ལ་བློ་ཕམ་དང་འགྱོད་སེམས་སྐྱུར་མོ་ཞིག་ངང་གིས་སྐྱེ་བྱུང༌། སྔར་མོ་རང་ལ་བཅིངས་པའི་དུང་བའི་མེ་ཏོག་སིལ་མ་དེ་ད་རེས་མོ་ཡི་བྱ་སྤྱོད་ཀྱི་བ་མོས་ཡོངས་སུ་བཅོམ་སོང༌། དེ་ནས་བཟུང་བརྟག་དཔྱད་མེད་པར་ལྐུག་པའི་ཨུ་ཚུགས་མི་བྱ་བའི་དམ་བཅའ་ཡང་བྱས་པ་མ་ཟད། མཁས་པས་གསུང་འདི་ཡང་ཡིད་ལ་འཁོར་བྱུང་།
མ་འབྱུང་སྔོན་ཤེས་དམ་པའི་ཡོན་ཏན་ཡིན།།
རང་སྲུང་གཙོ་ཐབས་བྱེད་པ་ཀུན་གྱི་མཆོག།
ངན་པ་བཟང་པོར་བརྩི་སྲོལ་སྔར་ནས་མཆི།།
དྲང་པོ་གཏམ་བཤད་སྨྲ་ཡང་ཞེ་ནས་སྡང༌།།ཞེས་གསུངས་པ་དེ་ལོས་བདེན།
དང་ཐོག་ཕ་རོལ་པོ་ལ་བརྟག་དཔྱད་མེད་པར་རྨ་བྱ་ལྟ་བུའི་ཕྱི་ཡི་མཛེས་སྡུག་དང་གཞན་གྱིས་ཅི་བཤད་ཁོ་ན་ལ་བལྟས་ནས་རེ་འདོད་བྱས་ན་འགྱོད་པ་སྐྱེ་རྒྱུ་ལས་གཞན་ཅི་ཡོད །
མཐལ་མའི་རྫོགས་ཚིག་ཏུ།
གཟུགས་འཛིན་དབང་པོའི་གསལ་བའི་མེ་ལོང་ངོས།།
གྲངས་མེད་གཟུགས་རེ་ཤར་ཐེངས་རེ་རེ་ལ།།
རྣམ་རྟོག་སེམས་ལ་འཆར་སྒོར་སྣ་མང་འདྲེན།།
དེ་ལས་འཕྲོས་པའི་དགའ་སྡུག་མཚོ་མོ་འཁྱིལ།།
ལྷག་ཏུ་སྨད་རྒྱས་མ་ཡི་སྒེག་ཉམས་ཀྱིས།།
ཕོ་གཞོན་ཡིད་ཀྱི་ངོས་ལ་རྨིས་ལམ་མང༌།།
གྲུབ་པ་མེད་པའི་སྟོང་འཆར་མང་པོ་དེ།།
སེམས་པ་སྡུག་བསྔལ་རྒྱུ་ལས་གཞན་ཅི་མཆིས།།
རིམ་པ་མང་བའི་བརྩེ་བ་ཞེས་པ་ལ།།
བསམ་བཞིན་བསམ་བཞིན་ཡ་མཚོན་ཅན་ཞིག་སྣང༌།།
དེ་ཡི་ནང་ནས་ཕོ་མའི་བརྩེ་དུང་དེ།།
ཡ་མཚོན་ནང་ནས་ཡ་མཚོན་མི་འདུག་གམ།། །།
དྲ་རོགས་རྣམས་ལ་ཞུ་རྒྱུ་གུས་པའི་རྩོམ་ཐུང་འདི་ཡོངས་སུ་རྫོགས་སོང་ལ་ཡིག་ནོར་མང་པོ་ཡོད་ཙང་ཁྱོད་རྣམ་པ་ཚོར་ཐུགས་སྤྲོ་པོ་ཡོང་ཡོད་མེད་མ་ཤེས་ཀྱང་ང་རང་གིས་ངོས་ནས་ཧུར་བརྩོན་ཡིན་ཁུལ་ཡིན།སྤྱིར་མཁས་པའི་མདུན་དུ་ངོ་གནོང་དགོས་པ་ཞིག་རེད་དེ།གུས་པའི་མཁས་པ་སྐྱ་སེར་ཕོ་མོ་ཡོང་ལ་དྲན་བསྐུལ་ཞིག་ཡིན།གང་ལ་ཞེ་ན་ང་ཚོའི་སྤྱི་ཚོགས་ནང་དུ་ཆབ་སྲིད་དང་ཆོས་ཕྱོགས་ཁོ་ན་ལས་བརྩེ་དུང་གི་སྐོར་ཧ་ཅང་དཀོན་པོ་རེད།འདས་པའི་ལོ་རྒྱུས་ནང་དུ་ཆོས་དང་འབྲེལ་བའི་ལྷ་མོའི་འཁྲམ་གཞུང་དང་གླིང་གེ་སེར་རྒྱལ་པོའི་སྒྲུང་སོགས་མ་གཏོགས་མཐོང་ཆོས་སུ་དཀོན།མེས་པོ་དོན་འགྲུབ་རྒྱལ་ལགས་ཀྱིས་སེར་གྱིས་བཅོམ་པའི་མེ་ཏོག་དང་ཤ་དང་རུས་པའི་བརྩེ་དུང་ཟེར་བ་སོགས་ནི་ཧ་ཅག་གི་སྙན་པོ་རེད།ངས་མེས་པོ་ཁོང་ལ་འགྲན་ཐུབ་མེད་ཀྱང་ང་ལས་ལྷག་པའི་མཁས་པ་མང་པོ་ཡོད་པས་ཁྱོད་རྣམ་པའི་ཆབ་སྲིད་དང་ཆོས་ཁོ་ན་མ་གསུང་པར་བརྩེ་དུང་གི་ཐད་ལ་ཡང་རྩོམ་རེ་འབྲི་རོགས་ཞུ་རྒྱུ་ཡིན།དཔེར་ན།སེར་མོ་བ་ཕོ་མོ་གཉིས་ཀྱིས་སོ་སོའི་ཁྱིམ་ཚང་དང་མིང་སྲིང་བར་གྱི་བརྩེ་བ། མི་སྐྱ་ཕོ་མོ་གཉིས་ཀྱིས་ན་གཞོན་ཕོ་མའི་བརྩེ་དུང་ཉམས་མྱོང་ཡོད་པའི་དེ་ཡི་ཐད་འབྲི་སྟེ་ང་ཚོའི་སྤྱི་ཚོགས་ནང་བརྩེ་དུང་གི་དེབ་གཟུགས་གང་མང་སྤེལ་ཐུབ་ན་དུས་ཚོད་འདི་འདྲ་ཞིག་ལ་ཕན་ཐོགས་ཡོང་གི་རེད་དྲན་བཞིན་ཡོད་པའི་དྲ་གྲོགས་ཡོངས་ཀྱིས་ཐུགས་བསམ་ལེགས་པོ་ཞིག་བཞེས་རོགས་ཞེས་གུས་པའི་སྙིང་ཐག་པ་ནས་རེ་བ་ཡིན།
ང་རང་ལ་མཚོན་ནའང་ད་ལྟ་མུ་མཐུད་ནས་ན་གཞོན་གཉིས་ཀྱི་བརྩེ་དུང་སྐོར་རིང་པོ་ཞིག་བྲི་བཞིན་ཡོད་པའི་རྗེས་སུ་ཚར་བ་དང་ཞུ་དག་ཡག་པོ་ཞིག་བྱུང་སོང་ན་ཁྱོད་རྣམ་པའི་སྤྱན་ལམ་དུ་ཕུལ་ཆོག་པའི་ལམ་འགྲོ་ཡོང་བའི་ཐུགས་སྨོན་གནང་རོགས།།